ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྐམ་དམག་རྐང་དམག་སློབ་གླིང་གི་ཉིས་སྟོང་ཉེར་གཉིས་ལོའི་སློབ་མ་ཡོངས་ལ་ཡིག་ལན་བསྐུར་ཏེ་ཡིད་ཆེས་བརྟན་པོ་བྱས་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་གི་ཆེད་དུ་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་པའི་སྐུལ་མ་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐམ་དམག་རྐང་དམག་སློབ་གླིང་གི་ཉིས་སྟོང་ཉེར་གཉིས་ལོའི་སློབ་མ་ཡོངས་ལ་ཡིག་ལན་བསྐུར་ནས་ཁོང་ཚོར་སྐུལ་ལྕག་ཆེན་པོ་གནང་།

ཞི་ཅིན་ཕིང་གིས་ཡིག་ལན་ནང་བསྟན་དོན། ཁྱོད་ཚོས་སློབ་གྲྭར་སྡོད་རིང་སློབ་སྦྱོང་ནན་ཏན་དང་དཀའ་སྤྱད་སྦྱོང་བརྡར་བྱས་པས། ཕྱོགས་སོ་སོ་ནས་གྲུབ་འབྲས་ཡག་པོ་བླངས་ནས་སློབ་མཐར་ཕྱིན་ཏེ་དམག་སྒར་དུ་བསྐྱོད་རྒྱུ་ཡིན་པས་ངས་ཁྱེད་ཚོར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཁྱོད་ཚོ་དཀའ་ཚེགས་ཆེ་བའི་མཐའ་འཁོབ་ས་ཁུལ་དུ་འགྲོ་བ་དང་། འཐབ་ཕྱོགས་དང་པོའི་དམག་དཔུང་དུ་འགྲོ་བ། ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་གནས་སུ་སོང་སྟེ་བྱས་རྗེས་འཇོག་རྒྱུའི་སེམས་ཐག་བཅད་པ་ཡིན་པས་ང་ཧ་ཅང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། སྐྱེས་ཕོ་རབ་ཀྱི་འདུན་པ་ཕྱོགས་བཞི་མཚམས་བརྒྱད་ན་ཡོད། ཁྱོད་ཚོས་ཡིད་ཆེས་བརྟན་པོ་དང་ཏན་ཏན་ཏིག་ཏིག་བྱས་ཏེ་དམག་དཔུང་དུ་ཁྱོན་ཡོངས་ནས་སྦྱོང་བརྡར་དང་འབད་འཐབ་བྱས་ཏེ་རྒྱུན་ཆད་མེད་པར་འཚར་ལོངས་དང་ཡར་ཐོན་ཡོང་བར་བྱས་ནས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་གྱི་ཆེད་དུ་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས།

ཞི་ཅིན་ཕིང་གིས་རང་དམག་གི་སློབ་གླིང་སློབ་གསོ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་པར་ཁོང་ཉིད་ཆེད་དུ་སྐམ་དམག་རྐང་དམག་སློབ་གླིང་དུ་གཟིགས་ཞིབ་གནང་བར་ཕེབས་ནས། སློབ་གཉེར་དང་མི་སྣ་གསོ་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་བླང་བྱ་ཁ་གསལ་གནང་བར་མ་ཟད། རྒྱ་ཆེའི་སློབ་མ་ཡོངས་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་རྒྱུར་རེ་བཅོལ་ཟབ་མོ་གནང་། སློབ་གླིང་གི་ཉིས་སྟོང་ཉེར་གཉིས་ལོའི་སློབ་མ་ཁྱོན་བསྡོམས་སྟོང་གཅིག་དང་བརྒྱ་ལྷག་ཙམ་ཡོད་པ་དང་། སློབ་གླིང་འདིའི་སློབ་མཐར་ཕྱིན་ནས་མཉམ་འབྲེལ་རྒྱུགས་ལེན་གྱི་ཚད་གཞི་ལོན་ཚད་བརྒྱ་ཆའི་བརྒྱ་ཡིན་པ་དང་སྦྱངས་འབྲས་ལེགས་པོ་ཐོན་ཚད་བརྒྱ་ཆའི་གོ་བཞི་ཡིན་ལ། མི་ཉིས་བརྒྱ་ལྷག་ཙམ་སློབ་གླིང་གི་དམག་དོན་དྲག་རྩལ་འགྲན་བསྡུར་ཁྲོད་སྦྱོང་བརྡར་གྱི་རྩེར་སོན་ལ་བདམས་པར་མ་ཟད། མི་དྲུག་ཅུ་ལྷག་ཙམ་ལ་རྒྱལ་ཡོངས་ཀྱི་དམག་ཡོངས་ཀྱི་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་ཡོད། ཉེ་ལམ། སྐམ་དམག་རྐང་དམག་སློབ་གླིང་གི་ཉིས་སྟོང་ཉེར་གཉིས་ལོའི་སློབ་མ་ཡོངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། སློབ་སྦྱོང་དང་སྦྱོང་བརྡར་གྱི་གནས་ཚུལ་སྙན་ཞུ་ཕུལ་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོ་ནས་རྐང་ཚུགས་པར་བྱེད་པ། བློ་སྟོབས་ཆེན་པོས་འབད་འཐབ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བ་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་ཆོད་སེམས་མཚོན་པར་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།