ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་བཅས་ཀྱིས་ཚོང་བརྒྱབ་ནས་ཁེ་ལས་གཉེར་བའི་དོ་དམ་གཏན་འབེབས་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་བུ་ཕྲུག་དང་དེའི་བཟའ་ཟླ་བཅས་ཀྱིས་ཚོང་གཉེར་ཁེ་ལས་གཉེར་བའི་དོ་དམ་གཏན་འབེབས་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་པར་མ་ཟད། བརྡ་སྦྱོར་བཏང་ནས་འབྲེལ་ཡོད་ཏང་ཨུ་དང་ཏང་ཙུའུ་དང་མི་དོན་རྩ་འཛུགས་སྡེ་ཁག་བཅས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་མཐོ་རུ་བཏང་ནས། དོ་དམ་འགན་འཁྲི་ནན་འགེལ་བྱེད་པ་དང་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྒྲིག་ཁྲིམས་བླང་བྱ་ནན་མོ་འཛིན་པ། གཏན་འབེབས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ལྷོད་གཡེང་མེད་པར་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན།

གཏན་འབེབས་ནང་མངོན་གསལ་སྒོས་གཏན་འབེབས་བྱས་དོན། འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་།  བུ་ཕྲུག་གི་བཟའ་ཟླ་བཅས་ཀྱིས་ཚོང་བརྒྱབ་ནས་ཁེ་ལས་གཉེར་བར་དོ་དམ་བྱ་ཡུལ་གཙོ་བོ་ནི་ཏང་སྲིད་ལས་ཁུངས་དང་མང་ཚོགས་ཚོགས་པའི་རྩ་འཛུགས། ཁེ་ལས་དང་མི་དོན་ལས་ཁུངས་ཀྱི་ཐིན་དང་ཅུའུ་རིམ་པ་དང་། གོ་གནས་དེ་མཚུངས་ཀྱི་རིམ་པ་དེའི་ཡན་གྱི་འགོ་ཁྲིད་ལས་བྱེད་པ་ཡིན་ལ། ཚོང་བརྒྱབ་ནས་ཁེ་ལས་གཉེར་བའི་གནས་ཚུལ་ནི་གཙོ་བོ་མ་དངུལ་བཏང་ནས་ཁེ་ལས་གཉེར་བ་དང་། སྒེར་གཉེར་ཁེ་ལས་སམ་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་སོགས་སུ་མཐོ་རིམ་གོ་གནས་འཁུར་བ། སྒེར་བསྡུས་རྐང་དབང་ཐེབས་རྩར་མ་དངུལ་འཇོག་པ་དང་དེ་ལས་གཉེར་བྱེད་པ། རིན་སྟེར་བའི་སྤྱི་ཚོགས་ཀྱི་མཚམས་སྦྱོར་དང་བཅའ་ཁྲིམས་ཀྱི་ཞབས་ཞུ་གཉེར་བ་སོགས་ཀྱི་བྱ་སྤྱོད་ཡིན། གཏན་འབེབས་ནང་རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བའི་འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་བཅས་ཀྱིས་ཚོང་བརྒྱབ་ནས་ཁེ་ལས་གཉེར་མི་ཆོག་པའི་བླང་བྱ་བཏོན་པ་དང་། འགོ་ཁྲིད་ལས་བྱེད་པའི་གོ་གནས་ཇི་ཙམ་མཐོ་ན་དེ་ཙམ་གྱིས་ནན་འཛིན་བྱ་རྒྱུ་དང་། ཕྱོགས་བསྡུས་སྡེ་ཁག་ནི་སྡེ་ཁག་གཞན་དག་ལས་ཀྱང་ནན་འཛིན་བྱ་རྒྱུ་རེད།

གཏན་འབེབས་ནང་བླང་བྱ་བཏོན་དོན། འགོ་ཁྲིད་ལས་བྱེད་པས་ལོ་ལྟར་མི་སྒེར་གྱི་འབྲེལ་ཡོད་ལས་དོན་སྙན་ཞུ་འབུལ་སྐབས་བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་བཅས་ཀྱིས་ཚོང་བརྒྱབ་ནས་ཁེ་ལས་གཉེར་ཚུལ་ཇི་མ་ཇི་བཞིན་དུ་སྙན་ཞུ་འབུལ་དགོས་ལ། ལོ་ཧྲིལ་བོའི་གཅིག་སྡུད་སྙན་ཞུ་ཕུལ་རྗེས་གསར་དུ་བྱུང་བའི་ཚོང་བརྒྱབ་ནས་ཁེ་ལས་གཉེར་ཚུལ་དུས་ཐོག་ཏུ་སྙན་ཞུ་འབུལ་དགོས། འགོ་ཁྲིད་ལས་བྱེད་པའི་སྙན་ཞུའི་གནས་ཚུལ་ལ་སྐབས་བསྟུན་ཟུར་བཤེར་དང་གཙོ་གནད་ཞིབ་དཔྱད་བྱ་དགོས་ལ། ཚོང་བརྒྱབ་ནས་ཁེ་ལས་གཉེར་ཏེ་གཏན་འབེབས་ལས་འགལ་བའི་གནས་ཚུལ་ཤེས་ན། འགོ་ཁྲིད་ལས་བྱེད་པར་གསལ་བཤད་བྱེད་དུ་བཅུག་ནས། དེའི་བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་བཅས་ཀྱིས་ཚོང་བརྒྱབ་ནས་ཁེ་ལས་གཉེར་མཚམས་འཇོག་པའམ་ཡང་ན་འགོ་ཁྲིད་ལས་བྱེད་པ་རང་ཉིད་ཀྱིས་ད་ལྟའི་གོ་གནས་མི་འཁུར་བ་དང་། ལས་གནས་བརྗེ་བ་སོགས་བྱ་དགོས་པར་མ་ཟད། འབྲེལ་ཡོད་གནས་ཚུལ་ལ་གཞིགས་ནས་འགོ་ཁྲིད་ལས་བྱེད་པར་དེ་བསྟུན་གྱི་ཆད་པ་གཅོད་དགོས། དེའི་ནང་དུ་གོ་གནས་སྤོར་རྩིས་ཡོད་པའམ་ཡང་ན་བེད་སྤྱོད་སྔར་ལས་ལྷག་པ་བྱ་རྩིས་ཡོད་པའི་འགོ་ཁྲིད་ལས་བྱེད་པར་ལས་བྱེད་པ་གདམ་གསེས་དང་བསྐོ་འཇོག་བཀོལ་སྤྱོད་བྱེད་ན་ངེས་པར་དུ་བརྟག་དགོས་པ་བཞི་དང་ཟུང་འབྲེལ་བྱས་ནས་ཞིབ་དཔྱད་གང་ལེགས་བྱས་ཏེ། བསྐོ་གཞག་བྱ་རྩིས་ཡོད་པའི་ལས་གནས་ཀྱི་གཏན་འགོག་བྱས་པའི་གཏན་འབེབས་དང་འགལ་ཚེ། ཚོང་བརྒྱབ་ནས་ཁེ་ལས་གཉེར་མཚམས་འཇོག་ཏུ་འཇུག་དགོས་ལ། དེར་འཐད་པ་མིན་ཚེ་བསྐོ་འཇོག་བཀོལ་སྤྱོད་བྱ་མི་ཆོག

གཏན་འབེབས་ནང་བླང་བྱ་བཏོན་དོན། འགོ་ཁྲིད་ལས་བྱེད་པས་རང་ཉིད་ཀྱི་བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླས་ཚོང་བརྒྱབ་ནས་ཁེ་ལས་གཉེར་ཚུལ་ཇི་མ་ཇི་བཞིན་དུ་སྙན་ཞུ་མི་བྱེད་པ་དང་། བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་བཅས་ཀྱིས་ལས་རིགས་བཀག་སྡོམ་གྱི་གཏན་འབེབས་དང་འགལ་ཏེ་ཚོང་བརྒྱབ་ནས་ཁེ་ལས་གཉེར་བ་དང་། མི་གཞན་ལ་མངགས་བཅོལ་བྱས་ཏེ་ཚབ་གཉེར་བྱེད་དུ་འཇུག་པ། མིང་གསང་ནས་མ་དངུལ་གཏོང་བ་རྣམས་ཁེ་ལས་གཉེར་མཚམས་འཇོག་པའི་གནས་ཚུལ་རྫུན་བཟོ་བྱེད་པ།  ད་དུང་འགན་དབང་སྤྱད་དེ་བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་བཅས་ཀྱིས་ཚོང་བརྒྱབ་ནས་ཁེ་ལས་གཉེར་བར་སྟབས་བདེ་བསྐྲུན་པ་དང་སྒེར་ཕན་གཉེར་བ་སོགས་ཀྱི་བྱ་སྤྱོད་ལ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས་པ་དང་། དོ་དམ་ནུས་ལྡན་མ་བྱུང་བའི་མཇུག་འབྲས་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་བཟོས་པའི་འགན་ཁུར་ལས་ཁུངས་དང་འགན་ཁུར་མི་སྣར་འགན་འདྲི་ནན་མོ་བྱ་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།