ཞི་ཅིན་ཕིང་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྐབས་ཉེར་ལྔ་པར་ཞུགས་ནས་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས17ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་བརྙན་ལམ་ནས་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྐབས་ཉེར་ལྔ་པར་ཞུགས་ནས་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་དབང་གིས་དུས་རབས་ཀྱི་རིམས་ནད་སྔར་ལས་ཇེ་མང་དུ་སོང་བ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་འགལ་རྐྱེན་ཅི་རིགས་དང་འཕྲད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པར་སྔར་བྱུང་མྱོང་མེད་པའི་འགྲན་སློང་དང་འཕྲད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་དྲང་གཞག་དང་སྔར་ལས་རྒྱུན་མཐུད། སྔར་ལས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་ཡོང་བར་རེ་བ་ཆེན་པོ་བྱེད་བཞིན་ཡོད། ང་ཚོས་གོ་སྐབས་དམ་འཛིན་དང་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། ཞི་བདེ་དང་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྐྲུན་བྱེད་དགོས། གཅིག་ནས་དགེ་མཚན་ལྡན་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་བསྐྲུན་དགོས། གཉིས་ནས་འཕེལ་རྒྱས་ཀྱི་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་དགོས། གསུམ་ནས་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། བཞི་ནས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་གྱི་ཤུགས་ཚད་འདང་བ་དང་མི་མངོན་པའི་སྟོབས་ཤུགས་ཆེ་བ། ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་མེད་པས། ང་ཚོ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་བློ་བརྟན་འགྱུར་མེད་ངང་རྒྱ་ཆེར་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་ཨུ་རུ་སི་དང་བཅས་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་འཕེལ་རྒྱས་ཀྱི་མདུན་ལམ་མཉམ་དུ་བསྐྲུན་རྒྱུ་དང་འཕར་སྣོན་འབྱུང་ངེས་ཀྱི་གོ་སྐབས་ཅི་རིགས་མཉམ་སྤྱོད་བྱས་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད།

ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྐབས་ཉེར་ལྔ་པ་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ཨུ་རུ་སིའི་ཧྲིན་པིས་ཏི་པའོ་རུ་དྲ་ལམ་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ་བསྡུས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡའེ་ཧྥུའུ་སོགས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།