ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྐོར་ཞིབ་ཐེངས་བརྒྱད་པས་དངུལ་རྩའི་ལས་ཁུངས་ལ་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།
      ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ།  སྐབས་བཅུ་དགུ་པའི་ཀྲུང་དབྱང་སྐོར་ཞིབ་ཐེངས་བརྒྱད་པས་དངུལ་རྩའི་ལས་ཁུངས་ལ་སྐོར་ཞིབ་དང་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་འགོ་འཛིན་མཛད།

གྲོས་ཚོགས་ནས་བལྟས་ན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། སྐོར་ཞིབ་བྱ་རྒྱུ་དེ་ཏང་གི་རང་ངོས་གསར་བརྗེ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་ཏུ་བརྩིས་ཡོད། སྐོར་ཞིབ་ལས་དོན་གྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས། སྲུང་སྐྱོང་གཉིས་རྩ་བའི་ལས་འགན་ལ་བརྩིས་ནས་འགན་ནུས་དང་འགན་འཁྲི་ལ་དམ་པོར་དམིགས་ཏེ། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་པ་དང་། གནད་དོན་ཤེས་རྟོགས་དང་ཟིལ་ཤུགས་གྲུབ་པར་བྱེད་པ། སྒྱུར་བཅོས་ལ་སྐུལ་འདེད། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་མཐར། གཞི་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་པར་འདོད།

གྲོས་ཚོགས་ནས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་དག་ཐེར་ལས་དོན་དམ་འཛིན་བྱ་རྒྱུ་དེ་དངུལ་རྩའི་ལས་རིགས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། དག་ཐེར་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཏེ། སྐོར་ཞིབ་དག་ཐེར་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། དངུལ་རྩའི་ལས་ཁུངས་ཀྱི་ཏང་ཨུ་དང་ཏང་ཙུའུ་ཡིས་དག་ཐེར་ཡོ་བསྲང་གི་རང་བདག་འགན་འཁྲི་སྒྲུབ་པ་དང་། སྐོར་ཞིབ་ལས་བསྟན་པའི་བསམ་འཆར་གཞིར་བཟུང་སྟེ། དོན་འཁྱོལ་དམ་འཛིན་ལེགས་པོ་བྱས་ལ། གནད་དོན་འབུར་ཐོན་དང་ཉེན་ཁ་འབྱུང་ངེས་པའི་རྒྱུ་རྐྱེན་མངོན་གསལ་ཅན་འགའ་ཞིག་དུས་ལྟར་སེལ་བ་དང་། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ། གཞི་རིམ་ཏང་རྩ་འཛུགས་བཅས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་གིས་དག་ཐེར་ཡོ་བསྲང་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། གནད་དོན་མངོན་གསལ་ཅན་ལ་ཆེད་དམིགས་བཅོས་སྐྱོང་བྱས་ཏེ། ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ཁག་ཅིག་རྩད་ཞིབ་ཐག་གཅོད་ནན་མོ་བྱས་ཡོད། འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་སྐོར་ཞིབ་བྱས་འབྲས་བེད་སྤྱོད་ལེགས་པོ་བྱས་པ་དང་། ལམ་ལུགས་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ལ། ལས་རིགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཡོད།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་ཐུབ་པ་བཅས་བྱེད་པ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཆེ་རུ་གཏོང་བ། དངུལ་རྩའི་ལས་ཀའི་ཆོས་ཉིད་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་པ། དངུལ་རྩའི་ལས་ཀའི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་གཏོང་བའི་ལམ་དུ་བསྐྱོད་པ་བཅས་བྱ་དགོས། ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་དགོས། དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་དགོས། བཅོས་སྒྱུར་གསར་གཏོད་ཟབ་སྤེལ་བྱེད་པ་དང་། ཉམས་མེད་ཀྱི་ངར་ཤུགས་ལ་བརྟེན་ནས། དག་ཐེར་ཡོ་བསྲང་གི་རང་བདག་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་རྒྱུན་མཐུད་ངང་ཏན་ཏིག་གིས་སྒྲུབ་པ་དང་། ཆབ་སྲིད་དང་བསམ་བློ། རྩ་འཛུགས། ཀུན་སྤྱོད། སྒྲིག་ཁྲིམས་བཅས་ཀྱི་ཐོག་ནས་གཟབ་ནན་གྱི་མཁའ་དབུགས་གྲུབ་པར་བྱེད་པ། དངུལ་རྩའི་ལས་ཁུངས་ཀྱི་ཏང་ཨུ་དང་ཏང་ཙུའུ་ཡིས་དག་ཐེར་ཡོ་བསྲང་དོན་འཁྱོལ་བྱེད་རྒྱུ་ཁྱོན་ཡོངས་ནས་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་ལམ་སྲོལ་འཛུགས་པ། སྐོར་ཞིབ་དག་ཐེར་ཡོ་བསྲང་རྒྱུན་ལྡན་གྱི་ལས་ཀའི་ནང་འདྲེས་པར་བྱེད་པ། བཅོས་སྒྱུར་ཟབ་སྤེལ་དངོས་ཀྱི་ནང་འདྲེས་པར་བྱེད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་དོན་དངོས་ཀྱི་ཁྲོད་འདྲེས་པར་བྱེད་པ། ལས་ཁུངས་ཀྱི་དཔུང་སྡེ་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པ་བཅས་བྱས་ཏེ། དངུལ་རྩའི་ལས་རིགས་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་ཆབ་སྲིད་ཀྱི་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།