ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་དབྱར་དུས་ཀྱི་ནུས་ཁུངས་མཁོ་སྤྲོད་འགན་ལེན་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་དབྱར་དུས་ཀྱི་ནུས་ཁུངས་མཁོ་སྤྲོད་འགན་ལེན་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་ནས་གཏམ་བཤད། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། དབྱར་དུས་ཀྱི་ནུས་ཁུངས་མཁོ་སྤྲོད་འགན་ལེན་གྱི་འབྲེལ་ཡོད་ལས་དོན་གཙོ་བོར་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། གློག་དང་རྡོ་སོལ་གྱི་རིན་གོང་བརྟན་པོ་ཡོང་བར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པར་ཅིས་ཀྱང་ཕྱོགས་ཁག་སོ་སོའི་འགན་འཁྲི་ཏན་ཏིག་ངང་སྒྲུབ་དགོས། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ལྷག་པར་དུ་གཙོ་གནད་རྡོ་སོལ་ཐོན་སྐྱེད་བྱེད་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་ཐོན་འབབ་འཕར་སྣོན་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ནས། གློག་དང་རྡོ་སོལ་མཁོ་སྤྲོད་འགན་ལེན་གྱི་ལས་འགན་ཡོངས་འགྲུབ་ལ་འགན་ལེན་བྱེད་དགོས། རྡོ་སོལ་གྱི་དུས་ཡུན་རིང་འབྲིང་གི་གན་རྒྱ་ལག་བསྟར་བྱེད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་ལམ་སྲོལ་ནུས་ལྡན་འཛུགས་པ། ཁེ་ལས་ཀྱི་རང་བདག་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ། གློག་དང་རྡོ་སོལ་གྱི་དུས་ཡུན་རིང་འབྲིང་གི་གན་རྒྱའི་རིན་གོང་ལག་བསྟར་གནད་འཁེལ་ཡོང་བར་འགན་ལེན་བྱེད་དགོས། སྐྱེལ་འདྲེན་སྟོབས་ཤུགས་བཀོད་སྒྲིག་ལ་སྤྱི་འདོམས་ཡག་པོ་བྱས་ནས། ལྕགས་ལམ་དང་གཞུང་ལམ། གྲུ་ཁ་སོགས་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས། གློག་དང་རྡོ་སོལ་གྱི་སྐྱེལ་འདྲེན་བརྟན་ལ་གོ་རིམ་ལྡན་པར་འགན་ལེན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཉེན་ཁའི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་བྱེད་པ། ལུགས་མཐུན་གྱི་རྡོ་སོལ་མཛོད་ཉར་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས། གློག་ཁང་གི་བདེ་འཇགས་ཐོན་སྐྱེད་བརྟན་པོ་དང་བློ་གཏད་ཆོག་པའི་གློག་འདོན་ལ་འགན་ལེན་བྱེད་དགོས། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གིས་གློག་དང་རྡོ་སོལ་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་སྐུལ་མ་གཏོང་བའི་ཚོད་འཛིན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ནོར་ཁྲལ་དང་དངུལ་རྩ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས། ཐོན་ནུས་འཕར་བར་བྱེད་རྒྱུ་དང་། ས་ཆ་སྤྱོད་རྒྱུ་དང་རྩྭ་ཐང་སྤྱོད་རྒྱུ། བདེ་འཇགས་ཐོན་སྐྱེད། ཁོར་ཡུག་གི་ཤུགས་རྐྱེན་གདེང་འཇོག་བྱེད་པ་སོགས་ཀྱི་འགྲོ་ལུགས་གཉེར་རྒྱུའི་འཕེལ་རིམ་ཁྲིམས་ལྟར་སྔར་ལས་ཇེ་མགྱོགས་སུ་བཏང་སྟེ། ཐོན་ནུས་གསར་པ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གང་ལེགས་གཏོང་བ་དང་། རྡོ་སོལ་གསོག་འཇོག་ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྒྱལ་ནང་གི་ནུས་ཁུངས་ཁྲོམ་ར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།