ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནས་བཟུང་གོ་ལ་ཧྲིལ་པོའི་གཡོ་འགུལ་དང་འཕོ་འགྱུར་ལ་གདོང་གཏོད་ཆེད། ཀྲུང་གོ་དང་ཨུ་རུ་སུ་བར་གྱི་འབྲེལ་བ་བཟང་ཕྱོགས་སུ་འགྲོ་བར་རྒྱུན་འཁྱོངས་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་ཉོ་ཚོང་མཉམ་ལས་བརྟན་བརླིང་ངང་སྐུལ་འདེད་བཏང་སྟེ། ཧེ་ཧོ་ནས་པུའུ་ལ་ཀེ་ཝུའེ་ཧྲེ་སི་ཁེ་བར་གྱི་གཞུང་ལམ་དང་ཟམ་པ་ཤར་གཏོང་བྱས་པས་རྒྱལ་ཁབ་གཉིས་བར་མཉམ་སྦྲེལ་མཉམ་མཐུད་ཀྱི་བགྲོད་ལམ་གསར་པ་ཞིག་གཏོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་དངོས་དོན་གྱི་མཉམ་ལས་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ལ། ཀྲུང་གོས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་བདག་དབང་དང་བདེ་འཇགས་སོགས་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་དང་རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་མཉམ་ལས་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་གསེར་གྱོམ་རྒྱལ་ཁབ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་རྒྱལ་སྤྱི་དང་ས་ཁུལ་གལ་ཆེན་གྱིས་རྩ་འཛུགས་བྱས་པའི་འབྲེལ་གཏུག་མཐུན་སྦྱོར་བྱ་བར་ཤུགས་སྣོན་རྒྱུ། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ། རྒྱལ་སྤྱིའི་སྒྲིག་སྲོལ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལས་དོན་སྔར་ལས་གཞུང་དྲང་དང་ལུགས་མཐུན་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། 

ཕུའུ་ཅིང་གིས། ཀྲུང་གོར་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་གཡུར་དུ་ཟ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མང་པོ་ཐོབ་པར་ཨུ་རུ་སུ་ཕྱོགས་ཀྱིས་སྙིང་དབུས་ནས་རྟེན་འབྲེལ་ཞུས་པ་ཡིན། ད་ལོ་ནས་བཟུང་ཨུ་རུ་སུ་དང་ཀྲུང་གོ་བར་གྱི་དངོས་དོན་མཉམ་ལས་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་དང་། ཕྱོགས་གཏོགས་གང་རུང་ཡིན་རུང་ཞིན་ཅང་དང་ཤང་ཀང་། ཐའེ་ཝན་བཅས་ཀྱི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ཏེ། འཛམ་གླིང་སྣེ་མང་ཅན་དུ་འགྱུར་བ་དང་སྔར་ལས་གཞུང་དྲང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་འཛུགས་པར་འཛུགས་སྐྲུན་རང་བཞིན་གྱི་འབད་བརྩོན་བྱ་འདོད་ཡོད་ཅེས་གསུངས།

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཡུག་རེན་གྱི་གནད་དོན་ཐད་ལ་བསམ་འཆར་བརྗེ་རེས་མཛད། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གནད་དོན་གྱི་ལོ་རྒྱུས་དང་བདེན་རྫུན་དངོས་ནས་མགོ་བཙུགས་ཤིང་། རང་ཚུགས་རང་བདག་གིས་བརྡར་ཤ་བཅད་ནས་འཛམ་གླིང་ཞི་བདེ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་སྲོལ་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་མ་ཟད། ཕྱོགས་སོ་སོས་རང་འགན་འཁུར་ཅི་ཐུབ་བྱས་ཏེ་ཡུག་རེན་གྱི་ཉམས་ཉེན་གནད་དོན་ལ་ཐག་གཅོད་འོས་འཚམ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། དེ་མིན་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་དེའི་ཐད་ལ་ནུས་པ་འདོན་ཅི་ཐུབ་བྱ་འདོད་ཡོད་ཅེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།