ཀྲུང་གོ་བོད་ཀྱི་དྲ་བ།

ཧྲུའུ་ཁྲུང་ཧྭ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བ་སྐོར་གྱི་རྣམ་བཤད་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་དགོས་ཞེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས14ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བ་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུང་ཧྭ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ཁྲུན་ཆོན་གོ་གཉིས་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གནང་། ཧུའུ་ཁྲུང་ཧྭ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བ་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་རྩིས་ནས་ཞི་ཅིན་ཕིང་གི《“ཞིང་གསུམ”བྱ་བ་གླེང་བ》ཞེས་པར་སློབ་སྦྱོང་བཟང་བོ་དང་བེད་སྤྱོད་བཟང་བོ་བྱས་ཏེ། ཧུར་ཐག་སྒོས་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གྱི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་བྱ་དགོས་ཞེས་བསྟན། 

ཧུའུ་ཁྲུང་ཧྭ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་རྣམ་བཤད་གལ་ཆེན་ནི་ཏང་གི་ཞིང་སྡེ་བྱ་བའི་གཞི་རྩའི་ཉམས་མྱོང་རྣམས་ཕྱོགས་གཅིག་ཏུ་འདུས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགངོས་པའི་གྲུབ་ཆ་གལ་ཆེན་དང་། དུས་རབས་གསར་བའི“ཞིང་གསུམ”བྱ་བ་བཟང་བོ་སྤེལ་བའི་རྩ་འཛིན་དང་རྩ་བའི་ལམ་སྟོན་ལྟ་བུ་ཡིན། ཞི་ཅིན་ཕིང་གི《“ཞིང་གསུམ”བྱ་བ་གླེང་བ》པར་སྐྲུན་འགྲེམ་སྤེལ་བྱས་པ་ནི“ཞིང་གསུམ”ཁྱབ་ཁོངས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པས། དེར་ལོ་རྒྱུས་རིང་བཞིན་གྱི་དོན་སྙིང་ལྡན་ཏེ། ང་ཚོས་ཆ་ཚང་དང་ཡང་དག ཁྱོན་ཡོངས་བཅས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་རྣམ་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པར། ཆེས་དབང་གྲགས་ལྡན་པ་དང་ཆེས་གསུང་རབ་ལྡན་པ། ཆེས་མ་ལག་ལྡན་པའི་རིག་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། 

ཧྲུའུ་ཁྲུང་ཧྭ་ཡིས་ནན་གྱིས་བསྟན་དོན། “ཞིང་གསུམ”བྱ་བར་འབད་བཞིན་པའི་བློ་མཐུན་ཡོངས་ཀྱིས་ཞི་ཅིན་ཕིང་གི《“ཞིང་གསུམ”བྱ་བ་གླེང་བ》ཞེས་པ་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པའི་ནང་དོན་དུ་རྩིས་ནས། རྣམ་པ་མང་ཞིང་རིམ་པ་བཀར་བ། ཁྱོན་ཡོངས་ལ་ཁེབས་པར་བྱེད་པའི་གསོ་སྦྱོང་བྱ་བ་བསྒྲུབ་དགོས་པ་དང་། སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱ་འགུལ་དེ“ཞིང་གསུམ”བྱ་བ་བཟང་བོ་བསྒྲུབ་རྒྱུ་དང“ཞིང་གསུམ”བྱ་བ་གོང་སྤེལ་དུ་གཏོང་བ་དང་དམ་དུ་སྦྲེལ་དགོས་པ། བྱ་བ་སྒྲུབ་སྟངས་ཀྱི་སྤྱོད་ཚུལ་བསྒྱུར་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། རྟོག་དཔྱོད་ཞིབ་འཇུག་གི་བྱ་བ་གཏིང་ཟབ་དུ་སྤེལ་ནས་བྱ་བ་སྒྲུབ་པའི་དུས་མཉམ་དུ་སློབ་སྦྱོང་དང་སློབ་སྦྱོང་བྱེད་པའི་དུས་མཉམ་དུ་བྱ་བ་བསྒྲུབ་སྟེ“ཞིང་གསུམ”བྱ་བར་བྱང་ཆ་ལྡན་པ་བྱ་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།