ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་ཚན་ཆུང་གིས་ཧེ་ལུང་ཅང་ནས་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་ཚན་ཆུང་ཁྲིད་དེ་ཧེ་ལུང་ཅང་ནས་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པར་མ་ཟད། ས་ནག་སྲུང་སྐྱོབ་ཀྱི་ཁྲིམས་འཛུགས་བྱ་བར་རྟོག་ཞིབ་བྱས། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་དང་ལྟ་རྟོག་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབས་པ་དང་། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཕྱོགས་ཡོངས་ནས་ཕན་ནུས་ལྡན་པར་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ལ། ཏང་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ནས་རྐང་ཚུགས་ཏེ་ཕན་འབྲས་ཐོན་པར་ཁག་ཐེག་བྱས་ཏེ། ཁྲིམས་སྐྱོང་སྟོབས་ཤུགས་ཀྱིས་མཛེས་སྡུག་གི་ཀྲུང་གོའི་འཛུགས་སྐྲུན་ལ་འགན་སྲུང་བྱེད་དགོས། 

ཞིབ་བཤེར་ཚན་ཆུང་སྔ་གཞུག་ཏུ་ཆི་ཆི་ཧཱ་ཨར་དང་ཅཱ་མུའུ་སི། ཧཱ་ཨར་པེན་བཅས་སུ་སོང་ནས་ཞིབ་བཤེར་བྱས། ཀྲུང་གོའི་ལྗིད་པའི་བཟོ་ལས་སྡེ་ཚོགས་དང་པོ་དང་། ཧཱ་ཨར་པེན་བཟོ་ལས་སློབ་ཆེན་གྱི་གྲོང་ཁྱེར་གྱི་ཆུའི་ཐོན་ཁུངས་དང་ཆུའི་ཁོར་ཡུག་གི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་དུ་སོང་ནས་བཟོ་ལས་ཀྱི་མཁོ་མེད་བཙོག་ཆུ་དང་སྙིགས་རོའི་གནོད་མེད་ཐག་གཅོད་དང་ཁོར་སྲུང་ཚན་རྩལ་གསར་སྤེལ་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཧེ་ཞཱ་ཙི་གླིང་ཕྲན་དང་ཀྲ་ལུང་རང་བྱུང་སྲུང་སྐྱོབ་ས་ཁུལ། ཐུང་ཅང་གཙང་གསུམ་འདྲིས་མདོ་སོགས་སུ་སོང་སྟེ། ཡུལ་དངོས་ནས་ཞིང་ལས་ཐད་ཀྱི་སྦགས་བཙོག་བཅོས་སྐྱོང་དང་ཆུའི་ཐོན་ཁུངས། བརླན་སའི་སྲུང་སྐྱོབ་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། ལེ་ཀྲན་ཧྲུའུ་ཡིས་བསྟན་དོན། ཧེ་ལུང་ཅང་གིས་ནན་ཏན་གྱིས་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་མངོན་གསལ་ཐོབ་ཡོད་ལ། དུས་རབས་གསར་བའི་མཛེས་པའི་ཀྲུང་གོའི་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་ཀྱི་བསྡུས་གཟུགས་ལྟ་བུ་ཞིག་ཡིན་ཟེར། 

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་རྒྱུན་འཁྱོངས་བྱེད་པ་དེ་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བྱེད་པའི་གཞི་རྩའི་སྲུང་བྱར་བརྩིས་ནས། བཅའ་ཁྲིམས་དང་ཁྲིམས་སྲོལ་ཕན་ནུས་ལྡན་པར་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་མཐུན་སྦྱོར་བྱེད་པ་དེ་བཅའ་ཁྲིམས་ལག་བསྟར་བྱེད་པའི་རྩ་དོན་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་གཙོར་འཛིན་དང་ལྷད་མེད་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུ་གསར་བ་ཞིག་བཏོད་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་དེ་བཅའ་ཁྲིམས་ལག་བསྟར་བྱེད་པའི་མགོ་རྩོམ་ས་དང་རྐང་འཛུགས་སར་བྱེད་པ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་པའི་མཛེས་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་བསྐང་དགོས་ལ། བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་འགན་འཁྲི་དངོས་འབེབས་བྱེད་པ་དེ་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རང་རང་གི་ལས་འགན་ཁུར་དུ་ལེན་པ་དང་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པའི་ཁོར་ཡུག་བཅོས་སྐྱོང་གི་རྣམ་པ་ཞིག་ཆགས་པར་བྱེད་དགོས་པར་མ་ཟད། རྒྱུན་ཆད་མེད་པར་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ས་གནས་ཁྲིམས་འཛུགས་ནུས་པ་འདོན་སྤེལ་བྱས་ནས། བཅའ་ཁྲིམས་མ་ལག་གི་སྤྱིའི་ཕན་ནུས་ཇེ་དྲག་ཏུ་གཏོང་དགོས། 

ལིས་ཀྲན་ཧྲུའུ་ཧེ་ལུང་ཅང་ཞིང་ཆེན་གྱི་ས་ནག་སྲུང་སྐྱོབ་བེད་སྤྱོད་ཞིབ་འཇུག་ཁང་དང་པེ་ཏཱ་ཧོང་ཞིང་ལས་རྨོ་འདེབས་སྡེ་ཚོགས་ཀྱི་ཅན་སན་ཅང་སོགས་ས་ཁུལ་གྱི་ས་གནས་སྲུང་སྐྱོབ་ཀྱི་ཁྲིམས་འཛུགས་ལ་རྟོག་ཞིབ་བྱས། ཁོང་གིས་གསུང་དོན། ས་ནག་ནི་རང་བྱུང་ཁམས་ཀྱིས་མིའི་རིགས་ལ་བསྩལ་བའི་ལེགས་སྐྱེས་རྩ་ཆེན་ཞིག་ཡིན་པས། སྲིད་གཞུང་དང་ཞིང་ལས་ཐོན་སྐྱེད་བདག་གཉེར་མཁན། སྤྱི་ཚོགས་ལས་རིགས་སོ་སོའི་སྲུང་སྐྱོབ་འགན་འཁྲི་དངོས་འབེབས་བྱེད་པ་དང་། ས་ནག་གི་ཁེབས་ཚད་ཇེ་ཉུང་དུ་མི་འགྲོ་བ་དང་བྱེད་ནུས་ཉམས་ཞན་དུ་མི་འདྲ་བ། སྤུས་ཚད་ཇེ་མཐོར་འགྲོ་བ། ཐོན་ནུས་རྒྱུན་མཐུད་ཐུབ་པ་བཅས་ལ་འགན་སྲུང་བྱས་ཏེ། ས་ནག་གི་ཞིང་ས་རྩ་ཆེན་དེར་སྲུང་སྐྱོབ་གང་ལེགས་བྱེད་དགོས་ཟེར། 

ལིས་ཀྲན་ཧྲུའུ་ཡིས་ཧཱ་ཨར་པེན་ས་ཁུལ་གསར་བའི་ཧྲིན་ཧཱ་ཐོན་ལས་ར་བ་དང་ཐུང་ཅང་ཀྲུང་གོ་དང་ཨུ་རུ་སིའི་ཧེ་ལུང་ཅང་ལྕགས་ལམ་ཟམ་ཆེན་གྱི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ཞིང་ཆེན་དམངས་ཆེན་ལས་ཁུངས་སུ་རྟོག་ཞིབ་བྱས། ལེ་ཀྲན་ཧྲུའུ་ཡིས་གསུང་དོན། ཧེ་ལུང་ཅང་དེ་ཕྱོགས་ཡོངས་ནས་དར་སྤེལ་དང་ཕྱོགས་ཡོངས་ནས་དར་རྒྱས་སུ་འགྲོ་བའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧེ་ལུང་ཅང་བྱ་བའི་ཐད་ཀྱི་མཛུབ་སྟོན་དང་རེ་བ་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བྱས་ནས། དུས་རབས་གསར་བར་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཏང་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་བྱ་བའི་ཆེ་ཕྱོགས་ལ་བྱས་རྗེས་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།