ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔའི་ཕྱི་འབྲེལ་པུའུ་ཀྲང་གི་ཐུག་འཕྲད་ཐེངས་གསུམ་པར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བརྒྱད་ཉིན། རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་ནུའུ་ཨར་སུའུ་ཏན་ནས་བསྡུས་པའི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔའི་ཕྱི་འབྲེལ་པུའུ་ཀྲང་གི་ཐུག་འཕྲད་ཐེངས་གསུམ་པར་ཞུགས། ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་བའི་ཐི་ལེ་ཝུའུ་པེ་ཨར་ཅི་ཡིས་འགོ་འཛིན་བྱས་ཤིང་། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ལི་གཞོན་པ་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་མེ་ལེ་ཏོ་ཧྥུའུ་དང་ཅིར་ཅི་སི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལུའུ་པ་ཡེ་ཧྥུའུ། ཐ་ཅི་ཁི་སི་ཐན་གྱི་འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་དབྱི་པུའུ་ལོ་ཞི་མུའུ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཚབ་མ་ནའོ་ལོ་ཧྥུའུ་བཅས་ཐུག་འཕྲད་ལ་ཞུགས།

ཝང་དབྱི་ཡིས་བསྟན་དོན། ལོ་ལྔའི་སྔོན་ལ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔའི་ཕྱི་འབྲེལ་པུའུ་ཀྲང་གི་ཐུག་འཕྲད་རྐྱེན་སྲོལ་བཙུགས། ལོ་གཉིས་ཀྱི་རིང་ལ། ང་ཚོས་ལག་རྡང་སྦྲེལ་ཏེ་རིམས་ནད་ལ་འགོག་རྒོལ་བྱས་ཤིང་། དཔལ་འབྱོར་བསྐྱར་དར་ཤུགས་སྣོན་དང་ས་ཁུལ་གྱི་བརྟན་འཇགས་ལ་མཉམ་དུ་སྐུལ་འདེད་བཏང་ནས་གྲུབ་འབྲས་ངོ་མ་བླངས། ད་ལོའི་ལོ་སྟོད་ལ་རྒྱལ་ཁབ་དྲུག་གི་འགོ་གཙོས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་རྒྱུ་མཉམ་དུ་ཁྱབ་སྒྲོག་བྱས་ནས། རྒྱལ་ཁབ་དྲུག་གི་མཉམ་ལས་ལ་ཁ་ཕྱོགས་གསལ་བོར་བསྟན་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔའི་འབྲེལ་བ་དུས་རབས་གསར་བར་སྐྱོད་པར་སྣེ་ཁྲིད་བྱས།

ཝང་དབྱི་ཡིས་གྲོས་གཞི་ལྔ་བཏོན། གཅིག རྒྱལ་ཁབ་དྲུག་གི་མཉམ་ལས་སྒྲོམ་གཞི་འཐུས་ཚང་དུ་གཏོང་དགོས། གཉིས། རིམས་ནད་རྗེས་ཀྱི་བསྐྱར་དར་སྣེ་ཁྲིད་ནུས་པ་ཇེ་ཆེར་གཏོང་དགོས། གསུམ། ས་གནས་ཞི་བདེ་ཡི་མཁར་རྫོང་བརྟན་པོ་གསར་སྐྲུན་བྱེད་དགོས། བཞི། མི་གཞུང་བརྗེ་རེས་ཀྱི་སྣ་མང་ཐབས་ལམ་གསར་སྐྲུན་བྱེད་དགོས། ལྔ། སའི་གོ་ལའི་བཅོས་སྐྱོང་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་པ་བཅས་རེད།

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་དར་སྤེལ་གྱི་གོམ་སྟབས་མཚམས་མི་འཇོག་ལ། ཕྱི་ཕྱོགས་མཉམ་ལས་ཀྱི་ཆོད་སེམས་ལ་འགྱུར་བ་མེད་པས་མུ་མཐུད་དུ་འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་བྱས་རྗེས་གལ་ཆེན་འཇོག་མཁན་དང་རྒྱལ་སྤྱིའི་འདྲ་མཉམ་དྲག་གཞག་གི་སྲུང་སྐྱོབ་མཁན་བྱེད་ངེས་ཡིན། དར་རྒྱས་གོང་འཕེལ་དུ་འགྲོ་བའི་ཀྲུང་གོས་འཛམ་གླིང་ལ་བདེ་སྐྱིད་སྐྲུན་པར་མ་ཟད། ཨེ་ཤ་ཡའི་དབུས་མའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་གོ་སྐབས་གསར་བ་སྐྲུན་པ་ཡིན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།