ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི“རམ་འདེགས་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་ནང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཁྲི3.4བསྡུ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ནོར་སྲིད་པུའུ་གཉིས་ཀྱིས་བརྡ་ཐོ་བཀྲམ་སྟེ། 2022ལོའི“རམ་འདེགས་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་ནང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཁྲི3.4བསྡུ་རྒྱུའི་འཆར་གཞི་བཟོས་ཤིང་། དེའི་ཁ་ཕྱོགས་ས་གཙོ་བོ་ནི་གྲོང་གསེབ་དར་སྤེལ་གྱི་གནད་སའི་རོགས་སྐྱོར་རྫོང་དང་དབུལ་ཐར་རྫོང་། ཡུལ་གཞན་དུ་གཅིག་བསྡུས་སྒོས་དབུལ་སྐྱོར་གནས་སྤོ་བྱེད་གནས་ཆེ་གྲས་དང་ཆེས་ཆེ་བ་བཀོད་སྒྲིག་བྱས་པའི་རྫོང་བཅས་ཡིན་པ་མ་ཟད། རྒྱལ་ཁབ་རིམ་པའི་གནད་སའི་གྲོང་གསེབ་དར་སྤེལ་གྱི་རོགས་སྐྱོར་རྫོང་རྣམས་ལ་ཆེད་དམིགས་ཀྱི་འཆར་གཞི་ལག་བསྟར་བྱ་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འཆར་གཞི་ནི་གཙོ་བོ2022ལོར་མཐོ་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མ་དང་ཉེ་བའི་ལོ་གཉིས་རིང་ལས་ཀར་ཞུགས་མ་ཐུབ་པའི་སློབ་མ་རྣམས་ལ་དམིགས་པ་རེད། ས་གནས་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཟླ6པ་ནས་བཟུང་ལས་གནས་བསྡུ་རུབ་དང་ཁྱབ་བསྒྲགས། ཡིག་རྒྱུགས་དང་ཁ་རྒྱུགས་ལེན་པ་སོགས་ཀྱི་བྱ་བ་བསྒྲུབ་རྒྱུ་དང་།  བསྡུ་རུབ་ཆ་རྐྱེན་དང་གདམ་གསེས་བྱེད་སྟངས་སོགས་ཞིང་ཆེན་སོ་སོས་རང་རང་གི་དགོས་མཁོ་དངོས་དང་བསྟུན་ནས་ཐག་གཅོད་བྱ་རྒྱུ་རེད། 

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་དང་སྔར་ལས་ལྷག་པར་མཐོ་རིམ་སློབ་གྲྭའི་སློབ་མ་རྣམས་གཞི་རིམ་དུ་བྱ་བ་སྒྲུབ་དུ་སྐྱོད་པར་སྐུལ་འདེད་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱ་ཆེད། 2021ལོར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཀྲུང་དབྱང་རྩ་འཛུགས་པུའུ་དང་སློབ་གསོ་པུའུ་སོགས་སྡེ་ཁག་བཅུ་དང་མཉམ་དུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར“རམ་འདེགས་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི(2021-2025ལོ)ཐེངས་བཞི་བ་དངོས་འབེབ་བྱས་ནས་མུ་མཐུད་དུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་རྣམས་གཞི་རིམ་དུ་སློབ་གསོ་དང་ཞིང་ལས། སྨན་བཅོས་བཅས་ལ་རམ་འདེགས་དང་།  གྲོང་གསེབ་དར་སྤེལ་ལ་རོགས་སྐྱོར་བྱེད་པར་མངགས་ཏེ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་དངོས་འབེབ་བྱེད་པར་འཇོན་མི་མང་པོ་འདོན་སྤྲོད་བྱ་རྒྱུ་རེད། །

2021ལོར“རམ་འདེགས་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་ལས་མི་གྲངས་ཁྲི3.8གཞི་རིམ་དུ་ཞབས་ཕྱི་སྒྲུབ་པར་མངགས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།