ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས2022ལོའི་དྲུག་ལྔ་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཚོགས་ར་གཙོ་བོའི་བྱེད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས2022ལོའི་དྲུག་ལྔ་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཚོགས་ར་གཙོ་བོའི་བྱེད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ཧུར་ཐག་གིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱས་ཏེ་མཉམ་དུ་དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་ཞེས་ནན་གྱིས་བསྟན།

  ཧན་ཀྲིན་བྱེད་སྒོའི་མགོ་ཚུགས་མཛད་སྒོར་ཞུགས་ནས་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2022ལོའི་དྲུག་ལྔ་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཚོགས་ར་གཙོ་བོའི་བྱེད་སྒོ་དེ་ལིའོ་ཉིང་ཞིང་ཆེན་ཧྲིན་དབྱང་གྲོང་ཁྱེར་དུ་སྤེལ་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་བྱེད་སྒོ་སྤེལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་བཟང་པོའི་རྒྱུན་སྐྱོང་རྒྱུ་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྩ་བའི་ཇུས་ཆེན་དུ་བརྩིས་ཤིང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ནས། རྩ་བའི་རང་བཞིན་དང་གསར་གཏོད་རང་བཞིན། ཕུགས་ཕན་རང་བཞིན་བཅས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་ནས་མཛེས་ལྡན་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་གལ་ཆེན་སྤོས་ཏེ། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལོ་རྒྱུས་རང་བཞིན་དང་འཕོ་འགྱུར་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་བར་སྐུལ་འདེད་བཏང་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་ལམ་བུ་གསར་བའི་སྟེང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྦགས་བཙོག་བཅོས་སྒྲིག་དང་སྐྱེ་ཁམས་སྲུང་སྐྱོབ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་ལ་སྤྱི་འདོམས་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས། དྭངས་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་སྐྲུན་བྱ་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས། སྤྱི་ཚོགས་ཡོངས་ཀྱིས་བྱ་སྤྱོད་སྤེལ་ནས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྒྱུད་སྤེལ་བྱེད་མཁན་དང་དཔེ་བཟང་ལག་བསྟར་བྱེད་མཁན་ཞིག་བྱས་ཏེ། ཉམས་ལེན་འབད་སྒྲུབ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་བུ་རབས་ཚ་རྒྱུད་ལ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཇོག་པའི་རེ་བ་ཡོད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་བྱེད་སྒོའི་མགོ་ཚུགས་མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས་ཤིང་གསུང་བཤད་གནང་། ཁོང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དུ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དེས་ཏང་ཀྲུང་དབྱང་གིས་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཚོགས་ར་གཙོ་བོའི་བྱེད་སྒོར་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་སྒོས་མཚོན་ཡོད། སའི་གོ་ལ་ནི་མིའི་རིགས་འཚོ་གནས་ཀྱི་ཁྱིམ་གཞིས་གཅིག་པུ་ཡིན་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དྭངས་གཙང་མཛེས་སྡུག་གི་འཛམ་གླིང་བསྐྲུན་རྒྱུ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་སྤྱི་ཡོངས་ལས་དོན་གྱི་གནས་བབ་འབུར་ཐོན་ཐོག་བཞག་ནས། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལོ་རྒྱུས་རང་བཞིན་དང་འཕོ་འགྱུར་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ལ་སྐུལ་འདེད་བཏང་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་སྒོ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་ཤུགས་ཇེ་མགྱོགས་སུ་གཏང་དགོས། 

 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་བྱེད་སྒོའི་མགོ་ཚུགས་མཛད་སྒོའི་སྟེང་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས་ཤིང་གསུང་བཤད་གནང་།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། རི་ཆུ་ནགས་ཞིང་མཚོ་བྱེ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་ཉམས་གསོར་སྐུལ་འདེད་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་བཟོས་ནས་ནན་སྲུང་བྱས་ཏེ། ཧུར་ཐག་གིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་བརྒྱབ་ནས། རྒྱུན་སྲིང་ལྷོད་མེད་ངང་མང་ཚོགས་ཉེ་འགྲམ་གྱི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུ་དེ་མི་ཚང་མའི་རང་རྟོགས་བྱ་སྤྱོད་དུ་བསྒྱུར་དགོས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཐུན་མོང་ཐོག་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས། ཐཱན་རྩེར་སོན་དང་ཐཱན་སྙོམ་སྒྲིག་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། ཐཱན་གཅོག་པ་དང་ཆབས་ཅིག་ནུས་རྒྱུའི་བདེ་འཇགས་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས། འབྲུ་རིགས་ཀྱི་བདེ་འཇགས་བཅས་ལ་འགན་ལེན་བྱས་ནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་འགན་ལེན་བྱེད་དགོས། གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་མཉམ་དུ་ཇུས་འགོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དང་ལག་ལེན་གྱིས་འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། 

བྱེད་སྒོའི་སྔོན་དུ། ཧན་ཀྲིན་གྱིས“དྭངས་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་དུ་བསྐྲུན”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་།

རང་རྒྱལ་གྱིས2017ལོ་ནས་བཟུང་བསྟུད་མར་དྲུག་ལྔ་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཚོགས་རའི་བྱེད་སྒོ་སྤེལ་བ་དང་། ད་ལོའི་བྱེད་སྒོ་དེ་སྐྱེ་ཁམས་ཁོར་ཡུག་པུའུ་དང་ཀྲུང་དབྱང་དཔལ་ཡོན་སྲོལ་གཏོད་གཞུང་ལས་ཁང་། ལོའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཉེར་བ་ཡིན་ལ། བརྗོད་དོན་གཙོ་བོ་ནི“དྭངས་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་དུ་བསྐྲུན”ཞེས་པ་དེ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།