ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར། དབྱར་ཁའི་འབྲུ་རིགས་ཐོན་སྐྱེད་ས་ཁུལ་གཙོ་བོས་གྲོ་འབྲུ་སྡུད་ལེན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་སྟེ། མིག་སྔར་བཅུ་ཆའི་བཞི་ཡི་གྲོ་འབྲུ་བསྡུས་ཚར། ས་གནས་སོ་སོས་འདེབས་འཛུགས་གྲུབ་ཆ་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུར་ཤུགས་བསྣན་པས། ད་ལོའི་སྤུས་ལེགས་ཀྱི་ཆེད་སྤྱོད་གྲོའི་རྒྱ་ཁྱོན་སྔར་ལས་ཆེ་རུ་ཕྱིན་ཡོད་ཅིང་། སྤུས་ཚད་ཀྱང་དེ་བསྟུན་གྱིས་ཇེ་ལེགས་སུ་ཕྱིན་ཡོད།
ཟླ་དྲུག་པའི་ཚེས་བཞི་ཉིན་གྲོ་འབྲུ་བསྡུ་ལེན་གནས་ཚུལ་ཁྱབ་སྒྲོག་བྱས་པ་ལྟར་ན། རྒྱལ་ཡོངས་ནས་ཁྱོན་བསྡོམས་གྲོ་ཞིང་མུའུ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གཅིག་བསྡུས་ཚར་ཡོད་ཅིང་། བསྟུད་མར་ཉིན་གཉིས་ཀྱི་རིང་ལ་འཕྲུལ་ཆས་ལ་བརྟེན་ནས་གྲོ་འབྲུ་བསྡུས་པའི་རྒྱ་ཁྱོན་མུའུ་བྱེ་བ་གཉིས་ལས་བརྒལ་ཡོད། ཨན་ཧོས་ཞིང་ཆེན་ཝོ་དབྱང་དུ་གྲོ་ཞིང་མུའུ་ས་ཡ་གཅིག་འབུམ་བརྒྱད་ཁྲི་བདུན་མགྱོགས་མྱུར་ངང་སྔ་བསྡུ་བྱེད་ཀྱིན་ཡོད་ལ། གྲོ་འདེབས་ཁྱིམ་ཆེན་སུང་ལའེ་པའོ་ཡི་མུའུ་སྟོང་གསུམ་གྱི་གྲོ་འབྲུ་ལ་ཚོང་ལམ་ཡག་པོ་རྒྱུགས། ད་ལོར་ཨན་ཧོས་ཞིང་ཆེན་གྱིས་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་བརྒྱད་བཏང་ནས། སྤུས་ལེགས་ཀྱི་ཆེད་སྤྱོད་གྲོའི་སྣ་ཁ་རྐྱང་པའི་གཅིག་སྡུད་མུར་འདེབས་ཁྱབ་བརྡལ་ཤུགས་ཆེན་བཏང་བར་མ་ཟད། མུའུ་ཁྲི་ཡན་གྱི་དཔེ་སྟོན་གྲོ་འདེབས་རྟེན་གཞི་སུམ་བརྒྱ་རེ་དགུ་དྲ་ལམ་ནས་ཉོ་ཚོང་བྱེད་རྒྱུའི་འཆར་གཞི་བཟོས་ནས། ཞིང་ཆེན་ཡོངས་ཀྱི་སྤུས་ལེགས་ཆེད་སྤྱོད་གྲོ་ཐོན་སྐྱེད་ཁྱབ་ཚུལ་དཔེ་དབྱིབས་ཤིག་ངང་གིས་གྲུབ་པར་བྱས་ཏེ། ཆ་འཕྲིན་ཅི་ཡོད་དྲ་ཐོག་ཏུ་ཡོངས་བསྒྲགས་བྱས་པར་བརྟེན། ཁེ་ལས་ཀྱིས་དཔེ་དབྱིབས་ལ་བལྟས་ནས་ཉོ་སྒྲུབ་བྱ་རྒྱུར་སྟབས་བདེ་བསྐྲུན།
ཧི་ནན་ལའོ་ཧི་རུ་གྲོ་ཞིང་མུའུ་ས་ཡ་གཉིས་འབུམ་གསུམ་ལྷག་ཙམ་གཅིག་སྡུད་ངང་བསྡུ་ལེན་བྱེད་པའི་དུས་སྐབས་སླེབས། གྲོ་འདེབས་ཁྱིམ་ཆེན་ལིས་ཞའོ་ཏུང་གི་སྤུས་ལེགས་ཆེད་སྤྱོད་གྲོ་ཞིང་མུའུ་སྟོང་གསུམ་མགྱོགས་མྱུར་ངང་བསྡུ་ལེན་བྱེད་ཀྱིན་ཡོད། དེང་མ་ནས་བཟུང་ས་བོན་གྱི་རིགས་གསར་པར་དགའ་པོ་ཡོད་པའི་ལིས་ཞའོ་ཏུང་གིས་རང་གི་ས་ཞིང་ཕྱེད་ཀ་ཙམ་ལ་ས་བོན་གསར་པ་བཏབ་ཡོད་ཅིང་། ས་མུའུ་རེའི་ཐོན་འབབ་རྒྱ་མ་སྟོང་གཅིག་དང་སུམ་བརྒྱ་ལ་སླེབས།
ད་ལོར་ཧི་ནན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་བཏང་ནས། ཧི་ནན་བྱང་རྒྱུད་དང་དབུས་ཤར་རྒྱུད། ལྷོ་རྒྱུད་བཅས་ཀྱི་གྲོ་འབྲུ་ཐོན་ཁུལ་གཙོ་བོར་དཔེ་སྟོན་རྟེན་གཞི་བཙུགས་ཏེ། སྤུས་ལེགས་ཀྱི་ཆེད་སྤྱོད་གྲོ་འདེབས་པའི་རྒྱ་ཁྱོན་མུའུ་བྱེ་བ་གཅིག་དང་ས་ཡ་དྲུག་ཇེ་མང་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་གྲོ་དོ་སྙོམས་དང་བརྟན་པོའི་ངང་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས། རྒྱལ་ཡོངས་ནས་བཤད་ན་ད་ལོར་རྒྱལ་ཁབ་ཀྱིས་གྲོའི་སྣ་ཁ་གསར་པ་བརྒྱ་དང་དོན་དྲུག་ལ་ཞིབ་བཤེར་གཏན་འབེབས་བྱས་པའི་དུས་མཚུངས་སུ། རྒྱལ་ཁབ་རིམ་པའི་ས་བོན་བཟོ་བའི་རྫོང་ཆེན་དང་ས་ཁོངས་རང་བཞིན་གྱི་ས་བོན་ལེགས་གྲས་རྟེན་གཞི་ཉིས་བརྒྱ་བཅུ་གསུམ་གྱིས་ཇེ་མང་དུ་བཏང་། རྒྱལ་ཁབ་རིམ་པའི་ས་བོན་བཟོ་བའི་རྫོང་ཆེན་ཧྲན་ཏུང་ཡན་ཀྲོའུ་རུ། གྲོ་ཞིང་ས་མུའུ་འབུམ་གཅིག་ཁྲི་བདུན་སྟོང་ལྔ་ཡི་ལོ་ལེགས་བསྡུ་ལེན་བྱེད་འགོ་བརྩམས་ཡོད། རྟེན་གཞིའི་དེང་རབས་ཅན་གྱི་ཆུ་ཚད་སྔར་ལས་མཐོ་རུ་ཕྱིན་པའི་དབང་གིས། གྲོ་འདེབས་ཁྱིམ་ཆེན་ཀྲང་ཁའེ་ལུའེ་ཡིས་ས་མུའུ་བཞི་བརྒྱ་ལ་སོན་བཟང་གྲོ་བཏབ་པས། ས་མུའུ་རེ་ནས་འབྲུའི་ཐོན་ཚད་རྒྱ་མ་སྟོང་གཅིག་དང་ལྔ་བརྒྱ་ལ་སླེབས།
ད་ལོར་ཧྲན་ཏུང་ཡན་ཀྲོའུ་ཡིས་རྒྱལ་ཁབ་ཀྱི་ས་བོན་བཟང་སྒྱུར་རྫོང་ཆེན་གྱི་བྱ་དགའི་མ་དངུལ་སྒོར་བྱེ་བ་གསུམ་ཆེད་དུ་བཀར་ནས། མ་དངུལ་དེ་དག་ས་ཞིང་འཛུགས་སྐྲུན་དང་ཚན་རིག་དང་མཐུན་པའི་སྒོ་ནས་རྨོ་ཞིང་ལ་བདག་ཉེར་བྱེད་པ་སོགས་ཀྱི་ཐད་སྤྱད་དེ། སོན་བཟང་དང་ལྷག་པར་དུ་སྤུས་ལེགས་ཆེད་སྤྱོད་ཐོན་རྫས་ཀྱི་ཐོན་ཚད་དང་སྤུས་ཚད་མངོན་སུམ་མཐོ་རུ་བཏང་། །