ཀྲུང་གོ་བོད་ཀྱི་དྲ་བ།

བདེན་འཚོལ་དུས་དེབ་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་བྱང་ལ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འབད་པས་བསྐྲུན་དགོས་ཞེས་པ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས1ཉིན་གྱི་བདེན་འཚོལ་དུས་དེབ་འདོན་ཐེངས་བཅུ་གཅིག་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་བྱང་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འབད་པས་བསྐྲུན་དགོས་ཞེས་པ་བཀོད།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་བསྣན་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་དོན་དེ་ལས་དོན་སྤྱིའི་མངོན་གསལ་ཆེ་བའི་གོ་གནས་སུ་བཞག་སྟེ། འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པ་དང་། རྩ་བའི་རང་བཞིན་དང་གསར་གཏོད་རང་བཞིན། ཡུན་ཕན་རང་བཞིན་བཅས་ལྡན་པའི་ལས་དོན་རབ་དང་རིམ་པ་སྤེལ་བར་བརྟེན། གཞི་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་དོན་དེ་ཆོད་སེམས་ཆེ་བ་དང་ཤུགས་ཚད་ཆེ་བ། ཕན་འབྲས་ཆེ་བ་བཅས་སྔར་བྱུང་མྱོང་མེད་པའི་ཚད་དུ་སླེབས་ཤིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་དོན་ལ་འཛིན་ནས་ལག་ལེན་བར་དུ་ལོ་རྒྱུས་རང་བཞིན་དང་དཀྱོགས་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འཕོ་འགྱུར་བྱུང་ཡོད།

རྩོམ་ཡིག་ནང་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་རྩོད་སྒྲུབ་གཅིག་གྱུར་དང་གཅིག་རམ་གཅིག་འདེགས་ཀྱི་ལས་སྒོ་ཞིག་ཡིན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྷད་མེད་ཐཱན་ཉུང་གི་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དེས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་བཟང་བོ་ཡོང་བའི་རེ་བ་དང་དགོས་མཁོ་སྐོང་ཐུབ་པར་མ་ཟད། སྤུས་ཚད་སྔར་ལས་མཐོ་བ་དང་ལས་ཆོད་སྔར་ལས་ཆེ་བ། དྲང་གཞག་སྔར་ལས་ཆེ་བ། རྒྱུན་མཐུད་སྔར་ལས་ཐུབ་པ། སྔར་ལས་བདེ་འཇགས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་བྱུང་ནས། ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་བཟང་བ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་ཐུབ་པར་བྱས་ཡོད།

རྩོམ་ཡིག་ནང་བསྟན་དོན། རང་རྒྱལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཁྱད་ཆོས་གལ་ཆེན་མང་པོ་ལྡན་ཡོད། དེའི་གྲས་ཀྱི་གཅིག་ནི་རང་རྒྱལ་གྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན་པས། དངོས་པོའི་དཔལ་ཡོན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུར་མཐོང་ཆེན་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་དགོས། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་བསྡད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཇུས་འགོད་གང་ལེགས་བྱེད་དགོས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་དགོས། གྲོན་ཆུང་དམིགས་བསལ་གྱིས་སྔོན་ལ་འཇོག་པ་དང་། སྲུང་སྐྱོབ་དམིགས་བསལ་གྱིས་སྔོན་ལ་འཇོག་པ། རང་བྱུང་སླར་གསོ་གཙོ་བོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བར་སྟོང་གི་གྲུབ་སྟངས་དང་ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་གྲུབ་པར་བྱེད་རྒྱུ་དང་། འབག་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ། གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་འཇལ་བ་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་ཡོང་བར་སྐུལ་སྤེལ་ནུས་ལྡན་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་འབད་བརྩོན་བྱ་དགོས།

རྩོམ་ཡིག་ནང་བསྟན་དོན། གཅིག་ནས་ལྷད་མེད་ཐཱན་ཉུང་འཕེལ་རྒྱས་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་དགོས། གཉིས་ནས་འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་དགོས། གསུམ་ནས་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་སྔར་ལས་མཐོར་འདེགས་གཏོང་དགོས། བཞི་ནས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། ལྔ་ནས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་མངོན་སུམ་གྱིས་ཇེ་ཆེར་བཏང་ནས། རྒྱལ་དོན་གྱི་ཆེ་ཕྱོགས་བློ་ལ་བཅངས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ཁུར་ནས། ཅི་གསུང་དེ་སྒྲུབ་མཐའ་གཅིག་ཏུ་བྱས་ཏེ། ཏང་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་ཐུབ་པར་འགན་ལེན་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།