ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཙན་པི་ཡའི་ཙུང་ཐུང་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙན་པི་ཡའི་ཙུང་ཐུང་ཞི་ཆི་ལའེ་མཱ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཙན་པི་ཡ་རྒྱལ་ཁབ་གཉིས་ནི་མཛའ་བརྩེ་ལྡན་པའི་དུས་རྣམ་ཀུན་གྱི་གྲོགས་པོ་ཡིན་ལ། རྒྱལ་ཁབ་གཉིས་བར་བརྩེ་བ་བརྟན་པོ་ལྡན། འདས་ཟིན་པའི་ལོ་གཅིག་གི་ནང་དུ། ཀྲུང་གོ་དང་ཙན་པི་ཡའི་བར་གྱི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ཀའི་ཉོ་ཚོང་གྲངས་འབོར་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན། ཙན་པི་ཡ་ནི་ཀྲུང་གོས་ཐད་ཀར་མ་དངུལ་གཏོང་ཚད་ཆེས་ཆེ་བའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཏུ་གྱུར་ཡོད། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་དང་མདུན་ལམ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས། ཙན་པི་ཡ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་འབྲེལ་བ་སྔར་ལས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བ་དང་ཁྱབ་ཁོངས་སྔར་ལས་ཆེ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ཙན་པི་ཡ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་དང་ཀྲུང་གོའི་བར་གྱི་མཐུན་སྒྲིལ་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་ནི། ཀྲུང་གོ་ཕྱོགས་ཀྱི་ཡུན་རིང་དང་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་གདམ་ག་ཞིག་ཡིན། ཕྱོགས་གཉིས་ཀས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ལག་ལེན་བསྟར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ། རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། འཕྲོད་བསྟེན་བདེ་ཐང་དང་དབུལ་སེལ། ཞིང་པ་མང་ཚོགས་ལ་ཕན་འདོགས་པ། ཉོ་ཚོང་དངུལ་གཏོང་། ལྷད་མེད་འཕེལ་རྒྱས། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཨ་ཧྥེ་རི་ཁའི་དཔལ་འབྱོར་སླར་གསོ་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུར་རོགས་རམ་བྱེད་པ། དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད།

ཞི་ཆི་ལའེ་མཱ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟེངས་སུ་ཐོན་པའི་འགོ་ཁྲིད་འོག་ཏུ། ཀྲུང་གོའི་མི་དམངས་དར་རྒྱས་གོང་འཕེལ་བྱུང་བ་དང་། ཙན་པི་ཡའི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་ཐོབ་པའི་གྲུབ་འབྲས་ལ་ཡིད་སྨོན་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཙན་པི་ཡའི་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རོགས་རམ་གལ་ཆེན་བྱས་པར་མ་ཟད། ཙན་པི་ཡའི་རིམས་ནད་འགོག་བཅོས་ཐད་རིམས་འགོག་སྨན་ཁབ་སོགས་ཀྱིས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཙན་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བར་བསམ་བློ་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་རྒན་རབས་བར་གྲུབ་པའི་སྲོལ་རྒྱུན་མཛའ་མཐུན་སྔར་ལས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ། ཕན་ཚུན་ཡིད་ཆེས་དང་མཉམ་ལས་ཀྱི་སྙིང་སྟོབས་ལ་བརྟེན་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།