ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མའོ་ཏི་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀའི་ཐུན་མོང་འབད་བརྩོན་འོག་ཏུ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་རིམ་སྤོར་བྱུང་ནས། ཁྱབ་ཁོངས་ཁག་གི་མཛའ་མཐུན་མཉམ་ལས་དེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས། པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཕྱོགས་གཉིས་ཀས་ཕན་ཚུན་རོགས་རེས་བྱས་ནས། རིམས་ནད་འགོག་བཅོས་ཐད་མཉམ་ལས་གཏིང་ཟབ་བྱས་ཏེ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་སྐུལ་མ་ཆེན་པོ་བཏང་ནས། ཕྱོགས་གཉིས་ཀའི་འབྲེལ་བའི་བརྟན་པོའི་ཆ་དང་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་མངོན་ཡོད། ད་ལོའི་ཟླ་གཉིས་པའི་ནང་དུ། ཁྱོད་རང་ཀྲུང་གོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་ཕེབས་ནས། ང་ཚོས་ཕྱོགས་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གྲུབ་པར་བྱས་པ་དང་། འབྲེལ་ཡོད་མཉམ་ལས་ཐད་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་མཛའ་མཐུན་འབྲེལ་བ་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་ནང་སྙིང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་རང་བརྟེན་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་མ་ཟད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། དེ་མིན་ད་དུང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོབ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་མཉམ་དུ། རིམས་ནད་འགོག་བཅོས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀའི་མཉམ་ལས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་ད་དུང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས། དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཛམ་གླིང་ཡུན་རིང་ཞི་བདེ་དང་ཕུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད།

མུའུ་ཧན་མའོ་ཏི་ཡིས་བསྟན་དོན། ད་ལོའི་ཟླ་གཉིས་པའི་ནང་དུ། ཀྲུང་གོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་རྒྱུ་བྱུང་བར་ང་རང་ངོས་ནས་ཧ་ཅང་དགའ་ཚོར་བྱུང་ཡོད་ཅིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་གྲོས་མོལ་ཡག་པོ་བྱས། ཨ་ཀྲུང་རྒྱལ་ཁབ་གཉིས་ཀས་རིམས་ནད་འགོག་བཅོས་སོགས་ཁྱབ་ཁོངས་མང་པོར་གྲུབ་འབྲས་ཆེན་པོ་ཐོབ་པའི་མཉམ་ལས་བྱས་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྤུན་ཟླ་ལྟ་བུའི་མཛའ་མཐུན་ལ་གཅེས་སྤྲས་བྱས་ནས། འབད་བརྩོན་ཆེན་པོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་རླབས་ཆེན་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་འདས་མ་ད་གསུམ་གང་གི་སྐབས་སུའང་ཀྲུང་གོ་ཕྱོགས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ལངས་རྒྱུ་ཡིན། ཕྱོགས་གཉིས་ཀའི་ཐུན་མོང་གི་འབད་བརྩོན་འོག་ཏུ། ཨ་ཀྲུང་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་ཐུབ་པར་ང་རང་ངོས་ནས་ཡིད་ཆེས་ཆེན་པོ་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།