ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མགོ་འཛིན་གནང་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་སོ་དགུ་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་འཚོལ་ཞིབ་བཟོ་སྐྲུན་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་སོ་དགུ་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིའི་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། ཀྲུང་ཧྭའི་ཤེས་རིག་གི་ལོ་རྒྱུས་རིང་ལ་རྒྱ་ཆེ་ཞིང་གཏིང་ཟབ་པས། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་བསམ་པའི་མཚོན་རྟགས་ཤིག་དང་དེང་རབས་ཀྲུང་གོའི་རིག་གནས་ཀྱི་རྨང་གཞི། འཛམ་གླིང་ཡོངས་ཀྱི་ཕྱི་སྡོད་ཀྲུང་གོ་བའི་བསམ་པའི་འབྲེལ་ཐག་བཅས་ཡིན་ལ། ཀྲུང་གོའི་རིག་གནས་གསར་གཏོད་ཀྱི་གཏེར་མཛོད་ཅིག་ཀྱང་ཡིན། ལོ་རྒྱུས་ཀྱི་འཕེལ་འགྲོས་རིང་མོའི་ཁྲོད་དུ། ཀྲུང་ཧྭ་མི་རིགས་ཀྱིས་ཉམས་པ་མེད་པའི་ཆོད་སེམས་དང་སྙིང་སྟོབས་ལ་བརྟེན་ནས། དཀའ་སྤྱད་ལས་སྒྲུབ་དང་རི་ཆུ་སྟོང་ཕྲག་སྤོབས་པས་བརྒལ་ནས་འཛམ་གླིང་གི་ཤེས་རིག་གཞན་དག་དང་མི་འདྲ་བའི་འཕེལ་རྒྱས་ཀྱི་ལམ་ཞིག་བརྒྱུད་མྱོང་། ཀྲུང་ཧྭའི་ཤེས་རིག་གི་ལོ་ངོ་ལྔ་སྟོང་ལྷག་གི་འཕེལ་རིམ་ལོ་རྒྱུས་ལ་ཤེས་རྟོགས་གཏིང་ཟབ་བྱས་ནས། ཀྲུང་གོའི་ཤེས་རིག་གི་ལོ་རྒྱུས་ལ་ཞིབ་འཇུག་ཟབ་མོ་བྱེད་པར་ཁྲིད་སྟོན་བྱེད་རྒྱུ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ལོ་རྒྱུས་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་རིག་གནས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་བསྐྱོད་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་ལོ་རྒྱུས་རིག་པ་པུའུ་ཡི་ཀྲུའུ་རིན། ཞིབ་འཇུག་པ་ཝང་ཝེ་ཡིས་གནད་དོན་དེའི་ཐད་ནས་འགྲེལ་བཤད་བརྒྱབ་སྟེ་བྱ་བར་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་སྒོས་ཉན་ནས་གྲོས་བསྡུར་བྱས།

ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། རང་རེའི་ཏང་གིས་སྔར་ནས་བཟུང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་པ་བཟུང་སྟེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད། མི་རབས་དུ་མའི་མཁས་དབང་ཚོས་མུ་མཐུད་ནས་འབད་བརྩོན་བྱས་པ་བརྒྱུད། གཞི་ནས་ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་འཚོལ་ཞིབ་བཟོ་སྐྲུན་སོགས་བཟོ་སྐྲུན་གལ་ཆེན་ལ་ཞིབ་འཇུག་བྱས་ནས་གྲུབ་འབྲས་ཐོབ་པ་དེའི་སྟེང་ནས། རང་རྒྱལ་གྱི་ལོ་ངོ་ས་ཡ་ལྷག་གི་མིའི་རིགས་ཀྱི་ལོ་རྒྱུས་དང་ལོ་ངོ་ཁྲི་གཅིག་ལྷག་རིང་གི་རིག་གནས་ལོ་རྒྱུས། ལོ་ངོ་ལྔ་སྟོང་ལྷག་གི་ཤེས་རིག་ལོ་རྒྱུས་བཅས་ར་སྤྲོད་གསལ་བོ་བྱས། ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་འཚོལ་ཞིབ་བཟོ་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ནའང་། སྔར་བཞིན་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཞིག་བརྒྱུད་དགོས་པས། ངེས་པར་དུ་མུ་མཐུད་ནས་སྐུལ་འདེད་དང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་འཚོལ་ཞིབ་བཟོ་སྐྲུན་གྱིས་ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་དང་གྲུབ་ཚུལ། འཕེལ་རྒྱས་བཅས་ཀྱི་ལོ་རྒྱུས་བརྒྱུད་རིམ་དང་། ཀྲུང་ཧྭའི་ཤེས་རིག་གི་སྣ་མང་གཞི་གཅིག་ཅན་གྱི་གྲུབ་ཚུལ་གནས་སྟངས་དང་དེའི་འཕེལ་རྒྱས་ཀྱི་བརྒྱུད་རིམ། ཀྲུང་ཧྭའི་ཤེས་རིག་གི་ཁྱད་ཆོས་དང་གྲུབ་རྐྱེན་སོགས་ཚང་མར་ངོས་འཛིན་ཅུང་གསལ་པོ་བྱས་ཡོད་པའི་དུས་མཚུངས་སུ། བཟོ་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ནི་ད་དུང་རགས་རིམ་ཙམ་དང་དུས་རིམ་ཙམ་ཞིག་ཡིན་པས། ད་དུང་ལོ་རྒྱུས་ཀྱི་གསང་དོན་མང་པོ་ཞིག་བརྟོལ་རྒྱུར་བསྒུག་ཡོད་ལ། གནད་དོན་གལ་ཆེན་མང་པོ་ཞིག་ད་དུང་དོན་དངོས་ཁུངས་སྐྱེལ་དང་ཞིབ་འཇུག་བྱས་པ་བརྒྱུད་ནས་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་སྐྱེ་དངོས་རིག་པ་དང་ཆ་རྡུལ་སྐྱེ་དངོས་རིག་པ། རྫས་འགྱུར་རིག་པ། ས་གཤིས་རིག་པ། དངོས་ཁམས་རིག་པ་སོགས་མིག་མདུན་དུ་གནས་པའི་རིག་ཚན་གྱི་ལག་རྩལ་གསར་ཤོས་སྤྱད་དེ། རང་རྒྱལ་གྱི་གནའ་རབས་ཤུལ་བཞག་ལ་དབྱེ་ཞིབ་བྱས་པར་བརྟེན། ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་འཚོལ་ཞིབ་ལ་ཚན་རྩལ་དབྱེ་ཞིབ་ཀྱི་གཞི་འཛིན་ས་བརྟན་པོ་བཙུགས་ཤིང་། ཀྲུང་གོའི་ལོ་ངོ་ལྔ་སྟོང་ལྷག་རིང་གི་ཤེས་རིག་ལོ་རྒྱུས་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། ཤེས་རིག་གི་འབྱུང་ཁུངས་དང་ཆགས་ཚུལ་ལ་ཞིབ་དཔྱད་བྱ་རྒྱུ་ནི་རྙོག་འཛིང་ཆེ་ཞིང་གོ་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པས། གནའ་རྫས་རྟོག་ཞིབ་དང་ཚད་ལྡན་ཡིག་ཆར་ཞིབ་འཇུག་བྱ་རྒྱུ་གཉིས་རང་བྱུང་ཚན་རིག་གི་ལག་རྩལ་བྱེད་ཐབས་དང་ཟུང་འབྲེལ་དམ་ཚགས་བྱེད་དགོས་ཤིང་། དངོས་པོ་དང་སྙིང་སྟོབས། སྤྱི་ཚོགས་ཀྱི་འབྲེལ་བའི་རྣམ་པ་སོགས་ཕྱོགས་བསྡུས་ཀྱིས་ཁོང་དུ་ཆུད་པར་བྱས་ཏེ། ཤེས་རིག་དེ་ཆུ་ཕྲན་ཆུང་ཆུང་དག་རིམ་བཞིན་གཙང་པོ་དང་ཆུ་བོ་ཆེན་པོར་འདྲེས་པའི་འཕེལ་རིམ་དེ་ངང་གིས་སླར་གསོ་བྱེད་ཐུབ་དགོས། གཅིག་གྱུར་གྱིས་འཆར་འགོད་དང་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱེད་པར་ཤུགས་སྣོན་པ་དང་། རིག་ཚན་མང་བ་དང་མཐོང་སྣེ་མང་བ། རིམ་པ་མང་བ། ཁྱོན་ཡོངས་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གནའ་རྫས་རྟོག་ཞིབ་རིག་པ་དང་ལོ་རྒྱུས་རིག་པ། སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་བཅས་མཉམ་འབྲེལ་སྒོས་མཁྲེགས་གཏོར་དམ་ཟབ་བྱེད་པ། ཡུལ་དུས་ཁྱབ་ཁོངས་དང་ཁྱབ་ཁོངས་རྒྱ་སྐྱེད་ཞིབ་འཇུག་གང་ལེགས་བྱེད་པ། ཀྲུང་ཧྭའི་ཤེས་རིག་འབྱུང་ཁུངས་དང་གྲུབ་སྟངས། འཕེལ་རྒྱས་བཅས་ཀྱི་གཞི་རྩའི་སྐྱ་ཐིག ནང་གནས་ཀྱི་རྐྱེན་སྲོལ། དེ་བཞིན་ས་ཁོངས་ཁག་གི་ཤེས་རིག་འཕེལ་འགྱུར་ཐབས་ལམ་སོགས་གནད་དོན་གལ་ཆེན་ལ་སྔར་ལས་ལྷག་པའི་ལན་གསལ་བོ་འདེབས་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་འཚོལ་ཞིབ་བཟོ་སྐྲུན་གྱིས་ཤེས་རིག་གི་མཚན་ཉིད་དང་ངོས་འཛིན་གཏན་འཁེལ་བྱེད་པའི་ཀྲུང་གོའི་ཇུས་གཞི་བཏོན་ནས། འཛམ་གླིང་གི་ཤེས་རིག་འབྱུང་ཁུངས་ཀྱི་ཞིབ་འཇུག་ཐད་ཐོག་མའི་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད། རང་རྒྱལ་གྱི་གནའ་བོའི་ཤེས་རིག་གི་གཞུང་ལུགས་དང་ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་འཚོལ་ཞིབ་བཟོ་སྐྲུན་གྱི་ཞིབ་འཇུག་གྲུབ་འབྲས་དྲིལ་བསྒྲགས་དང་ཁྱབ་བརྡལ། ཚུལ་སྒྱུར་བཅས་ཀྱི་ལས་དོན་དུས་མཉམ་དུ་ཡག་པོ་སྒྲུབ་རྒྱུ་དང་། ས་འོག་ནས་བཏོན་པའི་རིག་དངོས་དང་རྗེས་ཤུལ་ལ་ཞིབ་འཇུག་འཆད་འགྲེལ་དང་འགྲེམས་སྟོན་དང་བརྒྱུད་བསྒྲགས་བྱ་རྒྱུར་ཤུགས་བསྣན་ནས། ཀྲུང་ཧྭའི་ཤེས་རིག་གི་ཤུགས་རྐྱེན་ཐེབས་ཤུགས་དང་འབོད་སྐུལ་ནུས་པ་སྔར་ལས་ཆེ་རུ་བསྐྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་ལྔ་སྟོང་ལྷག་གི་དུས་ཡུན་རིང་པོའི་ཤེས་རིག་འཕེལ་བའི་ལོ་རྒྱུས་ཁྲོད་དུ། ཀྲུང་གོ་མི་དམངས་ཀྱིས་མཚར་སྡུག་འོད་སྟོང་འབར་བའི་ཀྲུང་ཧྭའི་ཤེས་རིག་བསྐྲུན་ནས། མིའི་རིགས་ཀྱི་ཤེས་རིག་གོང་སྤེལ་བྱ་གཞག་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱ་རྒྱུ་དེ་ཀྲུང་ཧྭའི་ཤེས་རིག་གི་ཁྱད་ཆོས་དང་རྣམ་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུ་དང་ཟུང་འབྲེལ་དམ་པོ་བྱས་ནས། ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཕེལ་ཕྱོགས་དང་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་ཅན་གྱི་རིམ་འགྱུར་རྣམ་པར་ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་བྱེད་པ། ཀྲུང་ཧྭའི་དཔལ་ཡོན་གྱིས་བྱམས་བརྩེའི་ལྟ་བ་དང་དམངས་ཀྱི་རྩ་བར་བརྩི་བཀུར་བྱེད་པ། ཁ་དན་ཚིག་ལ་གནས་པར་བྱེད་པ། དྲང་བདེན་ལ་བརྩི་བཀུར་བྱེད་པ། འཆམ་མཐུན་ལ་བརྩི་བཀུར་བྱེད་པ། སྤྱི་སྙོམས་ཆེན་པོ་དོན་དུ་གཉེར་བ་བཅས་ཀྱི་བསམ་པའི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་རྣམ་པར་ཞིབ་འཇུག་དང་འགྲེལ་བཤད་བརྒྱབ་སྟེ། ཀྲུང་གོའི་བགྲོད་ལམ་གྱི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་ལ་གསལ་བཤད་ཡང་དག་བྱེད་དགོས། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཐད་གནའ་བཟང་དེང་སྤྱོད་དང་རྙིང་དོར་གསར་ལེན་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། དེའི་ཁྲོད་ཀྱི་ཕུལ་བྱུང་གྲུབ་ཆ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་དང་ཀྲུང་གོའི་རྣམ་པ། ཀྲུང་གོའི་ཉམས་འགྱུར་བཅས་ལྡན་པའི་ཤེས་རིག་ཞིབ་འཇུག་གི་རིག་ཚན་མ་ལག་དང་རིག་གཞུང་མ་ལག སྐད་བརྡའི་མ་ལག་བཅས་བཙུགས་ནས། མིའི་རིགས་ཀྱི་ཤེས་རིག་གི་་རྣམ་པ་གསར་པའི་ལག་ལེན་ལ་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭའི་ཤེས་རིག་གི་བློ་གྲོས་ཀྱི་ཉིང་བཅུད་དང་སྙིང་བོ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་ཡིན་པར་མ་ཟད། ང་ཚོ་འཛམ་གླིང་གི་རིག་གནས་ཁྲོད་རྐང་བརྟན་པོ་ཚུགས་ཐུབ་པའི་རྨང་གཞིའང་ཡིན། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱེད་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་ཀྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དག་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་མངོན་གང་ཐུབ་བྱས་ནས། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་སྔར་ལས་ལེགས་པའི་སྒོ་ནས་བསྐྲུན་དགོས། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་སློབ་སྟོན་བསམ་བློ་རྒྱུན་འཁྱོངས་དང་གསར་བརྗེའི་རིག་གནས་རྒྱུན་འཛིན། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་སྤེལ་བཅས་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁུངས་འཚོལ་ཞིབ་བྱེད་དགོས། ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་འཚོལ་ཞིབ་བཟོ་སྐྲུན་སོགས་ཀྱི་ཞིབ་འཇུག་གྲུབ་འབྲས་ལེགས་པར་སྤྱད་དེ། ཀྲུང་གོའི་གནའ་རབས་ཀྱི་ལོ་རྒྱུས་སྔར་ལས་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་རྒྱས་བཤད་བྱས་ནས། ལོ་རྒྱུས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭའི་ཤེས་རིག་ལ་གནའ་སྔ་མོ་ནས་བཟུང་སྒོ་འབྱེད་ཁོང་ཡངས་ཀྱི་སྒོ་ནས་སྐད་གྲགས་ཆོད་དེ། ཤེས་རིག་གཞན་དག་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་ནས་རིམ་པར་རྒྱུན་ཆད་མེད་པར་གསོན་ཤུགས་གསར་པ་རྒྱས་ཡོད། འདྲ་མཉམ་དང་ཕན་ཚུན་དཔྱད་གཞིར་འཛིན་པ། གླེང་མོལ། ཁོང་ཡངས་བཅས་ཀྱི་ཡ་རབས་ལྟ་བ་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། བློ་རྒྱ་ཆེན་པོར་བརྟེན་ནས་ཤེས་རིག་མི་འདྲ་བའི་བར་གྱི་རིན་ཐང་གི་ནང་དོན་ལ་ངོས་འཛིན་མ་ནོར་བ་བྱེད་རྒྱུ་དང་། རྒྱལ་ཁབ་མི་འདྲ་བའི་མི་དམངས་ཀྱིས་རང་ངོས་འཕེལ་རྒྱས་ཀྱི་ལམ་འཚོལ་ཞིབ་བྱེད་པར་བརྩི་འཇོག་བྱེད་པ། ཤེས་རིག་བརྗེ་རེས་ལ་བརྟེན་ནས་ཤེས་རིག་གི་འགལ་ཟླ་ཅི་རིགས་སེལ་བ། ཤེས་རིག་དཔྱད་གཞིར་བཟུང་ནས་ཤེས་རིག་གི་གདོང་ཐུག་སེལ་བ། ཤེས་རིག་མཉམ་གནས་ལ་བརྟེན་ནས་ཤེས་རིག་གི་དགེ་མཚན་འདོན་པ། ཀྲུང་ཧྭའི་ཤེས་རིག་ལ་ལྡན་པའི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་ནས་རྐང་ཚུགས་པར་བྱས་ཏེ། ཀྲུང་ཧྭའི་ཤེས་རིག་གི་གཏམ་རྒྱུད་ཡག་པོ་འཆད་པ་དང་། འཛམ་གླིང་ལ་བློ་གཏད་ཆོག་པ་དང་ཆེས་གཅེས་སུ་འོས་པ། གུས་པར་འོས་པའི་ཀྲུང་གོའི་སྣང་བརྙན་ལེགས་པོ་བསྐྲུན་དགོས། ཀྲུང་གོའི་ཤེས་རིག་ཅི་འདྲ་ཞིག་ཡིན་པ་དང་རྒྱལ་ཁབ་ཅི་འདྲ་ཞིག་ཡིན་པ་གསལ་པོར་བཤད་དགོས་པ་དང་། ཀྲུང་གོ་བའི་འཇིག་རྟེན་ལྟ་བ་དང་གནམ་འོག་གི་ལྟ་བ། སྤྱི་ཚོགས་ཀྱི་ལྟ་བ། ཀུན་སྤྱོད་ཀྱི་ལྟ་བ་བཅས་གསལ་པོར་བཤད་དགོས་ལ། ཀྲུང་ཧྭའི་ཤེས་རིག་གི་ལོ་རྒྱུས་རིང་བ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྨང་གཞི་གསལ་པོར་བསྟན་ནས། འཛམ་གླིང་གིས་ཀྲུང་གོར་ཤེས་རྟོགས་བྱེད་པ་དང་ཀྲུང་གོའི་མི་དམངས་རྟོགས་པར་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་ཤེས་པར་བྱེད་པ། ཀྲུང་ཧྭ་མི་རིགས་ཤེས་རྟོགས་བྱེད་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིག་དངོས་དང་རིག་གནས་ཤུལ་བཞག་ནང་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་འདུས་ཡོད་པས། དེ་ནི་སླར་སྐྱེ་མི་ཐུབ་ཅིང་ཚབ་བྱེད་ཐབས་བྲལ་བའི་ཀྲུང་ཧྭའི་ཕུལ་བྱུང་ཤེས་རིག་གི་ཐོན་ཁུངས་ཡིན། རིག་དངོས་དང་རིག་གནས་ཤུལ་བཞག་དེ་བས་མང་བ་གནས་ཐུབ་པར་བྱས་ནས། ཀྲུང་ཧྭའི་ཤེས་རིག་རྒྱུན་འཛིན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་བོ་བསྐྲུན་དགོས།  རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་བྱ་རྒྱུར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། རིག་དངོས་དང་རིག་གནས་ཤུལ་བཞག་གི་རིན་ཐང་སྣ་ཚོགས་སྔོག་འདོན་བྱས་ནས། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་རིན་ཐང་མཚོན་རྟགས་དང་རིག་གནས་ཐོན་རྫས་བརྒྱུད་སྤེལ་མང་བོ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་ཚང་མས་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལས་དོན་ལ་མཐོང་ཆེན་གང་ལེགས་བྱས་ཏེ། ལོ་རྒྱུས་དང་གནའ་རྫས་རྟོག་ཞིབ་ལས་གཉེར་པས་ཞིབ་འཇུག་དང་སློབ་སྦྱོང་ཟབ་མོ། ཞིབ་འཇུག་ཟབ་སྦྱོང་བཅས་བྱེད་ཆེད་སྲིད་ཇུས་ཀྱིས་རྒྱབ་སྐྱོར་སྔར་ལས་མང་བོ་བྱེད་དགོས། ཀྲུང་ཧྭའི་ཤེས་རིག་རྒྱུན་འཛིན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་བོ་བསྐྲུན་ནས། ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་འཚོལ་ཞིབ་བཟོ་སྐྲུན་སོགས་ཀྱི་ཞིབ་འཇུག་གྲུབ་འབྲས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་དང་ལྷག་པར་དུ་ན་གཞོན་ལོ་ཆུང་ཚོར་ཀྲུང་ཧྭའི་ཤེས་རིག་ལ་ངོས་འཛིན་སྔར་ལས་བཟང་པོ་དང་ངོས་འཛིན་གཅིག་མཐུན་བྱ་རྒྱུའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ནས། ཀྲུང་གོ་བའི་བློ་སྟོབས་དང་ལ་རྒྱ། གདེང་ཚོད་བཅས་ཆེ་རུ་གཏོང་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།