ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས26ཉིན། རྒྱལ་ཡོངས་ཀྱི་དབྱར་ཁའི་འདེབས་གཉེར་སྡུད་གསུམ་གྱི་ཐོན་སྐྱེད་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། ཟས་རིགས་ནི་དམངས་ཀྱི་འཚོ་རྟེན་ཡིན། དབྱར་ཁའི་འབྲུ་རིགས་ནི་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ཀྱི་དུས་ཚིགས་དང་པོ་ཡིན་པ་དང་། དབྱར་ཁའི་འབྲུ་རིགས་ཀྱི་ཐོན་འབབ་ཡག་པོ་ཡོང་བར་བྱ་རྒྱུ་དེ། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ཀྱི་དམིགས་འབེན་ལེགས་སྒྲུབ་དང་། དངོས་གོང་བརྟན་པོ་ཡོང་བར་བྱེད་པ། ཕན་འབྲས་ཆེ་བའི་གཅིག་གྱུར་འཆར་འགོད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན། མིག་སྔར་དབྱར་ཁའི་འདེབས་གཉེར་སྡུད་གསུམ་གྱི་ལས་དོན་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ན་རིམ་བཞིན་སྤེལ་བཞིན་ཡོད་ཅིང་། དབྱར་ཁའི་འདེབས་གཉེར་སྡུད་གསུམ་གྱི་ལས་དོན་ནི་མིག་སྔའི་ཞིང་གསུམ་ལས་དོན་གྱི་ལས་འགན་གལ་ཆེ་ཤོས་ཤིག་ཡིན་པས། འགོར་འགྱངས་གཏན་ནས་བྱེད་མི་རུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས། དབྱར་ཁའི་འདེབས་གཉེར་སྡུད་གསུམ་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། མི་སྣ་དང་འཕྲུལ་ཆས་ཤར་བགྲོད་ཐུབ་པ་དང་ཞིང་ལས་རྒྱུ་ཆ་དབོར་འདྲེན་དང་སྡེབ་སྐྱེལ་ཕན་འབྲས་ཆེ་ལ་གོ་རིམ་ལྡན་པ་ཡོང་རྒྱུར་འགན་ལེན་བྱེད་དགོས་པ་ལས། ས་གནས་ཁག་གིས་མིང་གང་རུང་གི་ཐོག་ནས་སྒྲིག་འགལ་ངང་འགག་སྒོ་བཙུགས་ནས་དབྱར་བསྡུའི་ལས་དོན་ལ་ཤུགས་རྐྱེན་ཐེབས་སུ་འཇུག་མི་རུང་། ཞིང་ལས་དང་གྲོང་གསེབ་པུའུ་ཡིས་སྣེ་ཁྲིད་དེ་ལས་ཀའི་ཆེད་ལས་འཛིན་གྲྭ་བཙུགས་ནས། འཕྲུལ་ཆས་ཀྱིས་ལོ་ལེགས་བསྡུ་བའི་དཔུང་ཁག་གི་འཕེལ་རིམ་ལ་རྗེས་འདེད་དམ་ཟབ་བྱེད་པ་དང་། སྒྲིག་འཛུགས་བཀོད་གཏོང་དང་སྒྲིག་ཆས། སྣུམ་རྒྱུ་འགན་ལེན་སོགས་ལ་ཤུགས་སྣོན་པ། ཞིང་ལས་འཕྲུལ་ཆས་ཀྱི་གེགས་མེད་བགྲོད་ལམ་ཤར་གཏོང་བྱེད་པ། ས་ཁོངས་ལས་བརྒལ་བའི་འཕྲུལ་ཆས་ཀྱིས་འབྲུ་རིགས་བསྡུ་བའི་སྣེ་ལེན་ཞབས་ཞུ་ས་ཚིགས་འཛུགས་པ་བཅས་བྱས་ཏེ། ས་ཁོངས་བརྒལ་ནས་འཕྲུལ་ཆས་ཀྱིས་འབྲུ་རིགས་བསྡུ་བའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། ས་གནས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་འགན་འཁྲི་ཏན་ཏིག་འཁུར་ནས། དབྱར་ཁའི་འདེབས་གཉེར་སྡུད་གསུམ་ལས་དོན་ལ་ཤུགས་རྐྱེན་ཐེབས་པའི་དཀའ་ངལ་དང་གནད་དོན་ལ་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱས་ཏེ། ཞིང་ལས་ཀྱི་དུས་ཚོད་དང་འབྲུ་རིགས་མཛོད་ལ་བསྡུ་རྒྱུའི་འགན་ལེན་བྱེད་དགོས། ལས་ཀའི་དབང་གིས་དབྱར་བསྡུའི་ཡོང་འབབ་དང་དབྱར་འབྲུའི་འབྲུ་རིགས་ཐོན་སྐྱེད་ལ་ཤུགས་རྐྱེན་ངན་པ་བཟོ་བའི་རིགས་ལ་འགན་འཁྲི་རྩད་གཅོད་ནན་མོ་གཏོང་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་ནས་གཏམ་བཤད། །