ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན10ཡིས་བརྡ་ཐོ་བཏང་ནས2022ལོའི“དྲུག་གཅིག”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་སྤེལ་དགོས་པའི་བླང་བྱ་བཏོན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་དབྱང་དཔལ་ཡོན་སྲོལ་གཏོད་གཞུང་སྒྲུབ་ཁང་སོགས་སྡེ་ཚན10ཡིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས“ལོ་ཆུང་བྱིས་པའི་ལྷག་བསམ་ཏང་ལ་བཅངས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་བཀོད་སྒྲིག་བྱས་ཏེ་རྒྱ་ཆེའི་ལོ་ཆུང་བྱིས་པར་སྐྱོན་བྲལ་དང་སྤྲོ་སྣང་། དོན་སྙིང་བཅས་ལྡན་པའི་དུས་ཆེན་ཞིག་གཏོང་དགོས་པའི་བཀོད་སྒྲིག་བྱས།

བརྡ་ཐོའི་ནང་ས་གནས་ཁག་གི་དང་བླངས་སྒྲོག་འགྲེལ་ཚོགས་པ་དང་བུད་མེད་དང་བླངས་པ། གཞོན་ནུ་དང་བླངས་པ་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་གསར་བརྗེའི་རྗེས་ཤུལ་འཚོལ་བ་དང་།བརྗོད་དོན་གཙོ་བོའི་རྩོམ་བསྡུའི་གཏམ་བཤད། གསར་བརྗེའི་གློག་བརྙན་སྟོན་པ། རི་མོའི་བརྩམས་ཆོས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཀྲུང་གོའི་གཏམ་རྒྱུད་དང་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ཡག་པོ་བཤད་དེ། གཞོན་ནུ་ལོ་ཆུང་ཚོས་མིག་མཐོང་ལག་ཟིན་ཐུབ་པའི་འགྱུར་ལྡོག་གསར་པའི་ཁྲོད་ཕུགས་བསམ་དང་དད་སེམས་སྲ་བརྟན་དུ་གཏོང་དགོས་པར་བསྟན།

བརྡ་ཐོའི་ནང་ཁྱིམ་ཚང་སློབ་གསོའི་སྐུལ་འདེད་བཅའ་ཁྲིམས་དང་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་སོགས་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ། ཆེད་མཁས་པའི་འཆད་ཁྲིད་དང་།ཆེད་དོན་བཅར་འདྲི། འགུལ་རིས་བརྙན་ལམ་སོགས་ཀྱི་བྱ་ཐབས་བརྒྱུད་ཁྲིམས་ལུགས་ཁྱབ་གདལ་གཏོང་དགོས་ལ། བརྗོད་དོན་གཙོ་བོའི་སློབ་གསོ་དང་། ཁྲིམས་ལུགས་ཁྱབ་གདལ་སློབ་ཁང་། དཔེ་མཚོན་དབྱེ་ཞིབ་སོགས་སྒྲིག་འཛུགས་བྱས་ནས་རྒྱ་ཆེའི་ཁྱིམ་ཚང་གིས་ཁྲིམས་ཤེས་ཁྲིམས་སྲུང་དང་། བྱིས་པའི་བསམ་བློ་བཟང་པོ་དང་ཀུན་སྤྱོད་བཟང་པོ། གོམས་གཤིས་བཟང་པོ་བཅས་གསོ་སྐྱོང་བྱེད་དགོས་པར་བསྟན།

བརྡ་ཐོའི་ནང་ནན་གྱིས་བསྟན་དོན། “དྲུག་གཅིག”གི་རྟེན་འབྲེལ་བྱེད་སྒོ་དེ་ལོ་ཆུང་བྱིས་པར་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལམ་སྲོལ་བཟང་པོ་ཡག་པོ་སྤྱད་དེ་སེམས་ནུས་དང་བརྩེ་སེམས། ནུས་ཤུགས་བཅས་ཀྱི་ཐོག་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་དགོས། དྭ་ཕྲུག་དང་འཚོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ། དབང་པོ་སྐྱོན་ཅན་བྱིས་པ། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ། དཀའ་གནས་སུ་གྱར་བའི་བྱིས་པ་སོགས་ཚོགས་སྤྱིར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་རྒྱ་ཆེའི་ལོ་ཆུང་བྱིས་པར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་སྐྱིད་དངོས་ཚོར་ཐུབ་པར་བྱེད་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།