ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ཚོགས་འདུ་ཐེངས་དགུ་པའི་འཐུས་མིར་མཇལ་འཕྲད་གནང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས25ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཝང་ཧུའུ་ཉིང་། ཧན་ཀྲེང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ཚོགས་འདུ་ཐེངས་དགུ་པའི་འཐུས་མིར་མཇལ་འཕྲད་གནང་བ་རེད།

རྒྱལ་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ཚོགས་འདུ་ཐེངས་དགུ་པ་ཚེས25ནས་ཚེས26ཉིན་བར་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཡིག་བསྐུར་ངོ་བཅར་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་ལི་ཁེ་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་མཇལ་འཕྲད་ནང་ཞུགས་ཡོད།

ཚེས25ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་པ་རེད། ཞི་ཅིན་ཕིང་སོགས་འཐུས་མི་ཚོའི་ཁྲོད་དུ་ཕེབས་ནས་ཚང་མ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་འབྲེལ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

ཀའོ་ཧྲེང་ཁུན་མཇལ་འཕྲད་ལ་ཞུགས་པ་དང་འབྲེལ་ཚོགས་འདུའི་ཐོག་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱོན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་སྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང“ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་དགོས་པ་དང་། དམངས་ཀྱི་དཀའ་ངལ་སེལ་བ་དང་ཏང་གི་ཆེད་དུ་དཀའ་ངལ་སེལ་རོགས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས་ཤིང་།《ཡིག་སྐུར་ངོ་བཅར་ལས་དོན་སྲོལ་ཡིག》ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་། སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་སྔར་ལས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་དགོས།

ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ཁོངས་གཏོགས་ཀྱི་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས། གཟེངས་བསྟོད་ཐོབ་པའི་འཐུས་མི་སོགས་ཀྱིས་གཏམ་བཤད་གནང་།

ཏིང་ཞུའེ་ཞང་མཇལ་འཕྲད་ནང་ཞུགས་པ་དང་། ཞའོ་ཅེ་མཇལ་འཛོམས་ནང་ཞུགས་པ་མ་ཟད་ཚོགས་འདུའི་ཐོག་ཕྱོགས་སྡོམ་གསུང་བཤད་གནང་། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།