ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་མངགས་མི་སྣ་པཱ་ཆེ་ལའེ་ཐི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་མངགས་མི་སྣ་པཱ་ཆེ་ལའེ་ཐི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་པཱ་ཆེ་ལའེ་ཐི་ཀྲུང་གོར་འཚམས་འདྲི་བྱེད་དུ་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། ཀྲུང་གོའི་ལོ་རྒྱུས་རིག་གནས་དང་ཟུང་འབྲེལ་བྱས་པའི་སྒོ་ནས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལས་དོན་འཕེལ་རྒྱས་དང་འབྲེལ་བའི་གནད་དོན་གལ་ཆེན་ཐད་ནས་རྒྱས་བཤད་གཏིང་ཟབ་གནང་བ་དེའི་སྟེང་ནས། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་ཁྱོན་ཡོངས་ནས་སྲུང་སྐྱོབ་དང་འགན་ལེན་བྱ་རྒྱུར་གཞོལ་རྒྱུའི་རྩ་དོན་དང་ལངས་ཕྱོགས་གསལ་བཤད་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་མོ་ནས་བཟུང་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱ་རྒྱུ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དུ་བརྩིས་ནས་ལོ་བརྒྱ་ལྷག་ཙམ་འཁོར་བའི་རིང་ལ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་ཆེད་དུ་འབད་འཐབ་བྱེད་ཀྱིན་ཡོད།མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྙེག་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན། དུས་ཡུན་རིང་བོའི་ནང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་དེ་གཞི་ནས། ཀྲུང་གོ་འདི་ཉིད་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་གྲུབ་འབྲས་ཐོབ་པའི་ངང་བསྐྱོད་ཡོད། ང་ཚོས་གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་།འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོབ་བཅས་བྱས་པར་བརྟེན། དེང་སྐབས་ཀྲུང་གོ་མི་དམངས་ལ་སྔར་ལས་རྒྱ་ཁྱབ་དང་སྔར་ལས་འདང་ངེས། སྔར་ལས་ཁྱོན་ཡོངས་བཅས་ཀྱི་དམངས་གཙོའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པར་མ་ཟད། ཀྲུང་གོ་མི་དམངས་ཀྱི་མིའི་ཐོབ་ཐང་ལ་སྔར་བྱུང་མ་མྱོང་བའི་འགན་སྲུང་ཐོབ་ཡོད། མིག་སྔར། ཆེས་གལ་ཆེ་བ་ནི་དོན་དག་བཞི་ལེགས་པར་བསྒྲུབ་རྒྱུ་དེ་ཡིན། གཅིག་ནས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱ་དགོས། གཉིས་ནས་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་བྱེད་དགོས། གསུམ་ནས་འགྲོ་བ་མིའི་ཐོབ་ཐང་སྣ་ཚོགས་ལ་གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་དགོས།  བཞི་ནིས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཡིན།

པཱ་ཆེ་ལའེ་ཐི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ཀྱི་དཀའ་ངལ་ཅི་རིགས་ཁྱད་བསད་བྱས་ཏེ། ངས་ཀྲུང་གོར་འཚམས་འདྲི་བྱེད་པར་སྣེ་ལེན་བྱས་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། འདི་ནི་ལོ་ངོ་བཅུ་བདུན་གྱི་རིང་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་མཐོ་རིམ་ཆེད་མངགས་མི་སྣས་ཀྲུང་གོར་འཚམས་འདྲི་བྱས་པ་ཐོག་མ་ཡིན། ངས་ད་ཐེངས་ཀྱི་འཚམས་འདྲིར་མཐོང་ཆེན་དང་གཅེས་སྤྲས་ཆེན་པོ་བྱེད་ཀྱིན་ཡོད། ངས་ཀྲུང་གོ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་རྒྱ་ཁྱབ་ངང་འབྲེལ་གཏུག་དང་ཐད་ཀར་འབྲེལ་གཏུག་བྱེད་རྒྱུ་ཡིན། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་དེ་ངས་སྔར་ལས་ལེགས་པའི་སྒོ་ནས་ཀྲུང་གོ་ཤེས་རྟོགས་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབུལ་ཕོངས་མེད་པར་བཟོ་བ་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མངོན་འགྱུར་ཡོང་བ་སོགས་ཀྱི་ཐད་འབད་བརྩོན་དང་དེ་ལས་ཐོབ་པའི་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་སྲུང་སྐྱོབ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་དང་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བསྟོད་བསྔགས་བྱེད་ཀྱིན་ཡོད། མཐོ་རིམ་ཆེད་དོན་གཞུང་ལས་ཁང་གིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་མཉམ་ལས་ཐད་ཞིབ་བསྡུར་བྱས་ཏེ། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་འདོད་ཡོད།

ཏིན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱིས་བཅས་མཇལ་འཕྲད་ནང་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།