ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧན་ཀྲིན་གྱིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས་ཕན་ནུས་ཆེ་བའི་སྒོ་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ་རྒྱུན་ཆད་མེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གོམ་པ་གསར་པ་སྤོ་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས23ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཧྥུའུ་ཅན་ཉིང་ཏེ་དང་ཧྥུའུ་ཀྲོའུ། ཀྲང་ཀྲོའུ་བཅས་སུ་རྟོག་ཞིབ་གནང་། ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཕན་འབྲས་ཆེ་བའི་སྒོ་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ལས་ཞུགས་བརྟན་བརླིང་དང་ཟོག་གོང་བརྟན་བརླིང་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། གནད་སྨིན་དངོས་སྒྲུབ་ཀྱི་བྱ་ཐབས་སྤྱད་དེ་ཁེ་ལས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་པ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ། སྤྱི་ཁོག་དཔལ་འབྱོར་བརྟན་བརླིང་ཡོང་བ་བྱེད་པ་བཅས་བྱས་ནས། རྒྱུན་ཆད་མེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གོམ་པ་གསར་པ་སྤོ་དགོས། 

འདི་ནི་ཟླ5པའི་ཚེས23ཉིན་ཧན་ཀྲིན་ཧྲང་ཆིའི་འཁོར་འགྲུལ་རླངས་འཁོར་ཧྥུའུ་ཅན་ཡན་ལག་ཀུང་སིར་རྟོག་ཞིབ་བྱེད་བཞིན་པའི་ཚུལ་རེད། 

ཧན་ཀྲིན་ཉིང་ཏེ་དུས་རབས་ནུས་རྒྱུ་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སི་དང་། ཧྲང་ཆི་འཁོར་འགྲུལ་རླངས་འཁོར་ཧྥུའུ་ཅན་ཡན་ལག་ཀུང་སི། ཆིང་ཐོ་ཚོགས་པ། སྐར་དྲ་རའེ་ཅེ་འཕྲིན་གཏོང་མ་རྐང་ཚད་ཡོད་ཀུང་སི། ཀའོ་དབྱི་ཚན་རྩལ་ཚད་ཡོད་ཀུང་སི་བཅས་སུ་ཕེབས་ནས། ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་དང་ཞིབ་འཇུག་གསར་སྤེལ། རིག་ནུས་ཅན་གྱི་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། ཧན་ཀྲིན་གྱིས་བསྟན་དོན། ཧྥུའུ་ཅན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་རྟོག་ཞིབ་དང་མཛུབ་ཁྲིད་གནང་སྐབས་བཏོན་པའི“སྔར་བས་ཆེ་བ་བཞི”ཡི་བླང་བྱ་གལ་ཆེན་ལག་བསྟར་ནན་ཏན་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་པར་ཁས་ལེན་གང་ལེགས་བྱེད་འོས། རྗེས་མར་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཁེ་ལས་ཀྱི་གསར་གཏོད་གཙོ་གཞིའི་གནས་བབ་ལ་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་ཀྱིས་འགག་རྩའི་ལྟེ་བའི་ལག་རྩལ་ཚད་བརྒལ་ཡོང་བར་རྒྱབ་སྐྱོར་བྱེད་དགོས། ཤུགས་ཆེན་པོས་དམངས་གཉེར་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། ཚན་རྩལ་གསར་གཏོད་ཁྲོད་ཀྱི་དམངས་གཉེར་ཁེ་ལས་ཀྱི་དགེ་མཚན་ལྡན་པའི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ཁེ་ལས་ཀྱི་རྒྱལ་དམངས་ཀྱི་ཐོབ་ཐང་དོན་འཁྱོལ་ཡག་པོ་བྱེད་པ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་ནས་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁྲོམ་རའི་གཙོ་གཞི་འདྲ་མཉམ་འཕེལ་རྒྱས་དང་འདྲ་མཉམ་འགྲན་རྩོད་ཡོང་བར་འགན་ལེན་བྱེད་དགོས། 

ཧན་ཀྲིན་ཀྲང་ཀྲོའུ་ཀུའུ་ལུའེ་གསར་སྤེལ་ཁུལ་དུ་ཕེབས་ནས། ཀུའུ་ལུའེ་རྡོ་སྣུམ་རྫས་འགྱུར་ཐོན་ལས་གླིང་གི་འཆར་འགོད་འཛུགས་སྐྲུན་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་། ཀུའུ་ལུའེ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སི་དང་ཧྥུའུ་ཧའེ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སིར་ཕེབས་ཏེ། རྡོ་སྣུམ་རྫས་འགྱུར་ཐོན་ལས་ཀྱི་མ་འཇོག་འཛུགས་སྐྲུན་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་། ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། རྣམ་གྲངས་གལ་ཆེན་ཇུས་འགོད་དང་རིགས་པས་ཁུངས་སྐྱེལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས། རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། ནུས་ལྡན་གྱི་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། རྣམ་གྲངས་ཚད་ལྡན་གྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་འགག་ས་ནུས་ལྡན་ངང་ཤར་གཏོང་བྱས་ཏེ། རྒྱུ་རྐྱེན་གཙོ་བོ་རང་མོས་ངང་འཁོར་རྒྱུག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཁྲལ་སློག་སོགས་ཁེ་ལས་ཀྱི་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། ཁེ་ལས་ལ་མ་བཅོས་རྒྱུ་ཆའི་རིན་གོང་འཕར་བར་རོགས་རམ་བྱ་དགོས། 

འདི་ནི་ཟླ5པའི་ཚེས23ཉིན། ཧན་ཀྲིན་ཧྥུའུ་ཨན་“མཚོ་སྔོན་ཉ་པའི་སྤྲོ་ཁང”མཚོ་ཐོག་ཕྱོགས་བསྡུས་བཅོས་སྒྲིག་འགྲེམས་སྟོན་སྟེགས་བུར་རྟོག་ཞིབ་བྱེད་པའི་ཚུལ་རེད།  

ཧན་ཀྲིན་གྱིས་ཉིང་ཏེ་ཤར་མཚོའི་མཛེས་ལྗོངས་ཁུལ་གྱི་བྱང་འགྲམ་སྤྱི་གླིང་དུ་བགྲོད་ལམ་བརྒྱུད་དེ་ཆར་བའི་ཁྲོད་གྲོང་ཁྱེར་གྱི་ཆུ་རྒྱུད་བཅོས་སྒྲིག་བྱས་ཚུལ་ལ་གཟིགས་ཞིབ་གནང་། གྲུ་གཟིངས་ལ་བསྡད་ནས་ཧྥུའུ་ཨན“མཚོ་སྔོན་ཉ་པའི་སྤྲོ་ཁང”མཚོ་ཐོག་ཕྱོགས་བསྡུས་བཅོས་སྒྲིག་འགྲེམས་སྟོན་སྟེགས་བུར་བསྐྱོད་དེ། སྐམ་སར་ཉེ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་། ཧྥུའུ་ཧྲན་གྲོང་འདབས་སྤྱི་གླིང་དུ་ཕེབས་ནས། ལྗོངས་གཟིགས་སྟེགས་བུ་ནས་ཧྥུའུ་ཀྲོའུ་ཡི་རྣམ་པ་གསར་པར་བལྟས་ཤིང་། གྲོང་མིའི་བགྲོད་ལམ་འཆར་འགོད་འཛུགས་སྐྲུན་གྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་། ཁྲོམ་གསུམ་སྲང་བདུན་གྱི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ་ཕེབས་ནས། སྲོལ་རྒྱུན་ཁྲོམ་གཞུང་ཁུལ་སྲུང་སྐྱོབ་ཉམས་གསོའི་གནས་ཚུལ་ལ་རྟོག་ཞིབ་གནང་། ཧན་ཀྲིན་གྱིས་བསྟན་དོན། ས་གནས་ཀྱི་དོན་དངོས་ནས་མགོ་བཙུགས་ཏེ་སྦགས་བཙོག་འགོག་པ་དང་གཙང་སེལ་བྱེད་པ། ཆུ་འདྲེན་པ་བཅས་བྱས་ནས། ཆུའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། རྒྱ་མཚོའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་དང་བེད་སྤྱོད། ཉ་པའི་འཚོ་བར་འགན་ལེན་ཡག་པོ་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་གཅིག་གྱུར་ཡོང་བ་བྱེད་དགོས། གྲོང་ཁྱེར་གྱི་ལོ་རྒྱུས་གནའ་ཤུལ་དང་རིག་གནས་གནའ་ཤུལ། སྤྱི་ཚོགས་རིག་གནས་བཅས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། གྲོང་ཁྱེར་གྱི“རྩ་བ”དང“བླ་སྲོག”སྲུང་སྐྱོབ་ཡག་པོ་བྱེད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།