ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཀན་སུའུ་ཀན་ལྷོ་རུ་བརྟག་ཞིབ་གནང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཝང་དབྱང་གིས་ཀན་སུའུ་ཀན་ལྷོ་རུ་བརྟག་ཞིབ་གནང་སྐབས་ཕྱོགས་ཡོངས་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་འབྲེལ་གྱི་ཁུལ་དང་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

F202205261642502646700000.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ཆར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ། རྒྱང་ལྟའི་ཇུས་གཞི་མང་ཙམ་འདིང་བ། རྩ་བ་བརྟན་གཏོང་གི་བྱ་ཐབས་མང་ཙམ་འདོན་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་འགན་ལེན་དང་། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་ལ་འགན་ལེན། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ལ་འགན་ལེན་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བར་བསུ་མ་བྱེད་དགོས་ཞེས་ནན་བཤད་གནང་།

ཚེས23ནས་ཚེས25ཉིན་བར་ཝང་དབྱང་ཀན་ལྷོའི་གྲོང་གསེབ་དང་འབྲོག་ཁུལ། སློབ་གྲྭ ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཅས་སུ་ཕེབས་ནས་མི་རིགས་ཁག་གི་མང་ཚོགས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་བརྗེ་རེས་གཏིང་ཟབ་གནང་སྟེ། བོད་འབྲེལ་གྱི་ཁུལ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་ཆོས་ལུགས་ལས་དོན་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་གནང་བ་དང་འབྲེལ་གཙོ་སྐྱོང་གནང་སྟེ་བཞུགས་མོལ་ཚོགས་འདུ་འཚོགས་པ་མ་ཟད། འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་གཞིར་གསན་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད། ཀན་སུའུ་ཡི་བོད་འབྲེལ་ཁུལ་དང་རྫོང་གི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་། སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་བཞིན་སྲ་བརྟན་དུ་ཕྱིན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོན་པོས་ལེགས་གྲུབ་བྱུང་ནས། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ཅེས་གསུངས།

ཝང་དབྱང་གིས་ནན་གྱིས་བསྟན་དོན། བོད་འབྲེལ་ལས་དོན་དེ་དོན་ཆེན་ཞིག་ཡིན་པས་མདུན་སྐྱོད་ལམ་བུའི་ཐོག་གི་འགལ་བ་དང་ཉེན་ཁ། འགྲན་སློང་བཅས་ལ་སྣང་ཆུང་བྱེད་མི་རུང་། ཁ་ཕྲལ་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་དུ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་དམ་པོར་བརྟེན་ནས་རྒྱལ་ཁབ་བདེ་འཇགས་ཀྱི་འགོག་རགས་སྲ་བརྟན་དུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་དང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་དུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ལ་བརྩི་འཇོག་དང་འགན་ལེན་བྱེད་པ། མི་རིགས་ཁག་གི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། རྣམ་པ་ལྡན་ཞིང་འདུ་ཤེས་ཡོད་པ། ཕན་ནུས་ལྡན་པའི་སྒོ་ནས་མི་རིགས་ཁག་གི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུར་ཤུགས་སྣོན་པ་དང་། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཏང་སྲིད་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས“དཔུང་ཁག་གསུམ”འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་ལེགས་པོའི་སྒོ་ནས་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། དམངས་འཚོར་དམ་པོར་དམིགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། མི་རིགས་ས་ཁུལ་དེང་རབས་ཅན་དང་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ་གསར་པ་འཚོལ་ཞིབ་བཅས་བྱེད་དགོས། “སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་ནས་སྐྱེ་ཁམས་དམིགས་སུ་འཛིན་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བྱས་ཏེ། ས་མཐོའི་སྐྱེ་དངོས་སྲོག་ཆགས་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

ཝང་དབྱང་ད་དུང་ཀླུ་ཆུ་རྫོང་སྲིད་གྲོས་ལས་ཁུངས་སུ་བརྟག་ཞིབ་གནང་བར་ཕེབས་ནས་དུས་རབས་གསར་པའི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པའི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་གནང་། །

F202205261643045216700000.jpg

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།