ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དམིགས་ལས་དོན་པ་པཱ་ཆེ་ལའེ་ཐེ་དང་མཇལ་འཛོམས་གནང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དམིགས་ལས་དོན་པ་པཱ་ཆེ་ལའེ་ཐེ་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་པཱ་ཆེ་ལའེ་ཐེ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་དང་ཟུང་འབྲེལ་གྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དེ་ཐོག་ནས་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་གྱི་ལངས་ཕྱོགས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་དང་འགན་ལེན་བྱེད་པར་གཞོལ་བ་མཚོན་གྱི་ཡོད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་དབུ་བརྙེས་པའི་ཉིན་ནས་བཟུང་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་ནས་ལོ100ལྷག་རིང་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་ཆེད་དུ་འབད་འཐབ་བྱས་ཡོད། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན། ཡུན་རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོ་འདི་ཉིད་དུས་རབས་ཀྱི་རླབས་རྒྱུན་དང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བདེ་བླག་ངང་བསྐྱོད་ཡོད།ང་ཚོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཟམ་མི་ཆད་པར་འཕེལ་རྒྱས་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་སྲུང་སྐྱོང་བཅས་བྱས་པས། ཀྲུང་གོའི་མི་དམངས་ལ་སྔར་བས་རྒྱ་ཁྱབ་དང་སྔར་བས་གང་ལེགས། སྔར་བས་ཕྱོགས་ཡོངས་བཅས་ཀྱི་དམངས་གཙོའི་དབང་ཆ་ལྡན་ཡོད། ཀྲུང་གོའི་མི་དམངས་ཀྱི་མིའི་ཐོབ་ཐང་ལ་སྔ་ན་མེད་པའི་འགན་སྲུང་ཐོབ་ཡོད།

ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ལ་ཆེས་ཡག་ཤོས་མེད་ལ། དེར་དེ་བས་ལེགས་པ་ལས་མེད། ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག ཕྱོགས་སོ་སོ་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གི་གླེང་མོལ་དང་མཉམ་ལས་ཧུར་ཐག་བྱས་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཆེར་གཏོང་བ་དང་། མི་མཐུན་ས་ཉུང་དུ་གཏོང་བ། ཕན་ཚུན་དཔྱད་གཞིར་འཛིན་པ། ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བཅས་བྱས་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། མིག་སྔར་གལ་འགངས་ཆེ་ཤོས་ནི་ལས་དོན་བཞི་ཡག་པོར་བསྒྲུབ་དགོས་པར་བསྟན་པ་སྟེ།

གཅིག་ནི་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན། གཉིས་ནི་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ལམ་བུར་བརྩི་འཇོག་བྱ་རྒྱུ་དེ་ཡིན།གསུམ་ནི་མིའི་ཐོབ་ཐང་སྣ་ཚོགས་ལ་གཅིག་གྱུར་གྱིས་ལྟ་རྟོག་བྱེད་དགོས། བཞི་ནི་འཛམ་གླིང་ཡོངས་ཀྱི་མིའི་ཐོབ་ཐང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། 

པཱ་ཆེ་ལའེ་ཐེ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་ང་ཀྲུང་གོར་འཚམས་འདྲིར་ཡོང་བར་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་ལོ17རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་མཐོ་རིམ་ཆེད་དམིགས་ལས་དོན་པ་ཀྲུང་གོར་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན། ངས་ད་ཐེངས་ཀྱི་འཚམས་འདྲིར་མཐོང་ཆེན་དང་གཅེས་འཛིན་ཆེན་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་འབྲེལ་གཏུག་རྒྱ་ཁྱབ་དང་ཐད་ཀར་འབྲེལ་གཏུག་བྱ་རྒྱུ་ཡིན་པས། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་རང་ཉིད་ཀྱིས་ཀྲུང་གོར་ཤེས་རྟོགས་དེ་བས་ཡག་པོ་ཐུབ་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབུལ་ཕོངས་སེལ་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་བྱེད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མངོན་འགྱུར་བྱེད་པ་སོགས་ཐད་འབད་བརྩོན་བྱས་པ་དང་ཐོབ་པའི་གྲུབ་འབྲས་ལ་ངས་ཡིད་སྨོན་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏོད་པ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏོད་པ། གོ་ལ་ཧྲིལ་པོ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བཏོན་པའི་ནུས་པ་གལ་ཆེན་ལ་བསྔགས་བརྗོད་བྱ་རྒྱུ་ཡིན། མཐོ་རིམ་ཆེད་དམིགས་ལས་དོན་པའི་ལས་གཞུང་ལས་ཁང་གིས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་མཉམ་ལས་ཐད་གྲོས་བསྡུར་བྱས་ཏེ་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་འདོད་ཡོད།

ཏིང་ཞུའེ་ཞང་དང་དབྱང་ཅེ་ཁྲེ། ཝང་དབྱི(ཀོང་ཀྲོའུ)བཅས་མཇལ་འཛོམས་ལ་ཞུགས་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།