ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ལ་བདམས་པའི་མཱ་ཁོ་སི་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ལ་བདམས་པའི་མཱ་ཁོ་སི་ལ་ཁ་པར་བཏང་། 

ཞི་ཅིན་ཕིང་གིས་ཡང་བསྐྱར་མཱ་ཁོ་སི་ཧྥི་ལི་ཕིན་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྱེད་རང་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་དངོས་སུ་ཞུགས་པ་དང་དཔང་པོ་བྱས་པ་མ་ཟད། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་མཛའ་མཐུན་གྱི་འཛུགས་སྐྲུན་པ་དང་རྒྱབ་སྐྱོར་མཁན། སྐུལ་འདེད་གཏོང་མཁན་བཅས་ཡིན། ཧྥི་ལི་ཕིན་ལ“ཡོང་སའི་ལམ་མི་ཤེས་ན་ཡུན་རིང་སྐྱོད་ཐབས་མེད”ཅེས་པའི་ལེགས་བཤད་གྲགས་ཅན་ཞིག་ཡོད། ང་ཚོས་ཀྲུང་ཧྥིའི་མཛའ་བརྩེ་རྒྱུན་འཛིན་ཡག་པོ་བྱས་ནས། ཐོག་མའི་བསམ་འདུན་མ་བརྗེད་པར་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱས་ནས། དུས་སྐབས་གསར་པའི་ཀྲུང་ཧྥིའི་མཛའ་མཐུན་གྱི་རྩོམ་ཡིག་ཡག་པོ་འབྲི་དགོས་ལ། ཀྲུང་ཧྥིའི་མཛའ་མཐུན་མཉམ་ལས་ཀྱི“འཆར་འགོད་གཅིག་མཐར་ཕྱིན་པ”བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། འདས་ཟིན་པའི་ལོ6རིང་། ཀྲུང་ཧྥི་ཕྱོགས་གཉིས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་རྒྱུན་འཁྱོངས་བྱས་ཏེ། ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འཕེལ་རྒྱས་བཏང་ཞིང་། ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་གཏན་འཁེལ་བྱས་ཡོད། ཕྱོགས་གཉིས་ཀྱིས་སྐད་ཆ་བཤད་རེས་དང་གྲོས་མོལ་བྱས་ནས་མི་མཐུན་པའི་ཆར་ཚོད་འཛིན་ནུས་ལྡན་བྱས་པ་དང་། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་གཡུར་དུ་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་མཛའ་མཐུན་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་ལ། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་དོན་དངོས་ཀྱིས་ར་སྤྲོད་བྱས་ཡོད། ཀྲུང་གོས་ཐོག་མཐའ་ཀུན་དུ་ཧྥི་ལི་ཕིན་ཉིད་མཐའ་འཁོར་ཕྱི་འབྲེལ་གྱི་གནས་བབ་དང་པོར་བཞག་ནས། ཧྥི་ལི་ཕིན་ལ་མཛའ་མཐུན་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཀྲུང་གོས་ཧྥི་ལི་ཕིན་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྨང་གཞིའི་སྒྲིག་བཀོད་དང་ཞིང་ལས། ནུས་རྒྱུ། སློབ་གསོ་སོགས་རྒྱལ་ཇུས་དམངས་འཚོར་དམིགས་ཤིང་། རིམས་ནད་དང་རིམས་ནད་རྗེས་ཀྱི་སླར་གསོར་དམིགས་ཏེ། མཉམ་ལས་སྟོབས་ཆེར་གཏོང་བ་དང་། འཕར་གཞི་གསར་པ་སྐྱེད་སྲིང་དང་སྔོག་འདོན་བྱེད་པ། རྒྱལ་ཁབ་གཉིས་དང་ས་ཁུལ་གོང་འཕེལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་སྔར་རྒྱུན་བཞིན་ཧྥི་ལི་ཕིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་ཧུར་ཐག་བྱ་རྒྱུ་ཡིན། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མྱོང་མེད་པ་དང། ཞི་བདེ་དང་བདེ་འཇགས་འགྲན་སློང་གསར་པར་འཕྲད་ཡོད། ཀྲུང་ཧྥི་རྒྱལ་ཁབ་གཉིས་ནི་ཨེ་ཤ་ཡའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དེ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཐའ་འཁོར་ཁོར་ཡུག་དང་མཉམ་ལས་གཉིས་རྒྱལ་གྱི་ཨེ་ཤེ་ཡའི་ཁྱིམ་ཚང་ཆེན་མོར་གཞི་ཚུགས་ཡོད། ཧྥི་ལི་ཕིན་གྱིས་མུ་མཐུད་དུ་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་རྒྱུའི་རེ་བ་ཡོད། ཀྲུང་གོས་ཧྥི་ལི་ཕིན་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འཐབ་ཇུས་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། ས་ཁུལ་དེ་གའི་ཞི་བདེ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོར་སྲུང་སྐྱོང་ཡག་པོ་བྱེད་འདོད་ཡོད། 

མཱ་ཁོ་སི་ཡིས་བརྩེ་བ་ཟབ་མོས་ཀྲུང་གོ་དང་མཛའ་མཐུན་འགྲོ་འོང་བྱས་པར་ཕྱིར་དྲན་བྱས་ནས་བསྟན་དོན། ཧྥི་ལི་ཕིན་མི་དམངས་ཀྱིས་ཀྲུང་གོ་ཉིད་རོགས་ཟླ་གལ་ཆེ་ཤོས་ཀྱི་གྲས་སུ་བརྩི་བཞིན་ཡོད། ཧྥི་ལི་ཕིན་སྲིད་གཞུང་གསར་པས་ཧྥི་ཀྲུང་འབྲེལ་བ་དེ་ཕྱི་འབྲེལ་སྲིད་ཇུས་ཀྱི་གཙོ་གནད་ལ་བརྩིས་ནས། ཀྲུང་གོ་དང་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་བསྣན་ཏེ། དཔལ་འབྱོར་ཚོང་དོན་དང་རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་དང་དམ་ཟབ་ཏུ་གཏོང་འདོད་ཡོད། ངས་ཧྥི་ལི་ཕིན་དང་ཀྲུང་གོའི་འབྲེལ་བའི་འབྱུང་འགྱུར་སྔར་བས་ལེགས་པ་དང་འཕེལ་རྒྱས་སྔར་བས་ཆེ་བ་འགྲོ་བར་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད། རྒྱུན་ཆད་མེད་པར་ཀྲུང་གོ་དང་མཉམ་དུ་ཧྥི་ཀྲུང་འབྲེལ་བའི་འཕེལ་རྒྱས་ཆེད་སྒུལ་ཤུགས་ཆེན་པོ་གསར་པ་བསྣན་འདོད་ཡོད།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།