ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར70ལོན་པ་དང་གོ་ལ་ཧྲིལ་བོའི་ཉོ་ཚོང་དངུལ་གཏོང་སྐུལ་སྤེལ་དབུ་ཚོགས་སྟེང་བརྙན་ལམ་བརྒྱུད་ནས་རྟེན་འབྲེལ་ཤིས་ཚིག་ཕུལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ5པའི་ཚེས18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར70ལོན་པ་དང་གོ་ལ་ཧྲིལ་བོའི་ཉོ་ཚོང་དངུལ་གཏོང་སྐུལ་སྤེལ་དབུ་ཚོགས་སྟེང་བརྙན་ལམ་བརྒྱུད་ནས་རྟེན་འབྲེལ་ཤིས་ཚིག་ཕུལ་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར70ལོན་པ་དང་གོ་ལ་ཧྲིལ་བོའི་ཉོ་ཚོང་དངུལ་གཏོང་སྐུལ་སྤེལ་དབུ་ཚོགས་སྟེང་བརྙན་ལམ་བརྒྱུད་ནས་རྟེན་འབྲེལ་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། 1952ལོར་ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་བཙུགས་པའི་ཚུན་དུ། ཀྲུང་གོ་ནས་རྐང་བཙུགས་ཤིང་འཛམ་གླིང་ལ་ཁ་ཕྱོགས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་བར་ཁེ་ཕན་གྱི་འབྲེལ་ཐག་དམ་ཟབ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ཡོང་བར་སྐུལ་འདེད། རྒྱལ་ཁབ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་གི་ལོ་ངོ70ཡི་ལོ་རྒྱུས་ལམ་བུ་ནི་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཕྱི་ཕྱོགས་ལ་རྒྱ་བསྐྱེད་སྒོ་འབྱེད་བྱས་པའི་མཚོན་བྱེད་ཡིན་ལ། རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་བའི་བདེན་དཔང་གལ་ཆེན་ཞིག་ཀྱང་རེད།

 པར་འདི་ནི་ཟླ5པའི་ཚེས18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར70ལོན་པ་དང་གོ་ལ་ཧྲིལ་བོའི་ཉོ་ཚོང་དངུལ་གཏོང་སྐུལ་སྤེལ་དབུ་ཚོགས་སྟེང་བརྙན་ལམ་བརྒྱུད་ནས་རྟེན་འབྲེལ་ཤིས་ཚིག་ཕུལ་བཞིན་པའི་རྣམ་པ་རེད།

ཞི་ཅིན་ཕིང་གིས། མིག་སྔར། ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་མཉམ་འདྲེས་བྱས་ཤིང་། གོ་ལ་ཧྲིལ་བོའི་དཔལ་འབྱོར་ཉམས་ཞན་དུ་གྱུར་བས་འཛམ་གླིང་འདི་ཉིད་གཡོ་འགུལ་འཕོ་འགྱུར་གྱི་དུས་སྐབས་གསར་བ་ཞིག་ཏུ་སླེབས་ཡོད། རྒྱལ་ཁབ་སོ་སོའི་བཟོ་ཚོང་ལས་རིགས་ཀྱིས་ཞི་བདེ་འཕེལ་རྒྱས་ལ་རེ་བ་སྔར་ལས་ཆེ་ཞིང་། འདྲ་མཉམ་དྲང་བདེན་གྱི་འབོད་སྒྲ་སྔར་ལས་ཆེ་བ་མ་ཟད། མཉམ་ལས་མཉམ་རྒྱལ་གྱི་མདུན་མ་སྔར་ལས་ཁ་ཚ་དགོས་གཏུག་ཏུ་གྱུར་འདུག་ཅེས་ནན་གྱིས་གསུང་།  ཞི་ཅིན་ཕིང་གིས་བསམ་ཚུལ4བཏོན་པ་ནི།

དང་པོ། ནུས་ཤུགས་གཅིག་བསྡུས་སྒོས་རིམས་ནད་ལས་རྒྱལ་དགོས། པྲོག་གསར་གློ་ཚད་རིམས་ནད་འདི་ཉིད་ཡང་ནས་བསྐྱར་དུ་འཕར་བས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འཇིགས་སྐུལ་ཚབས་ཆེན་བཟོས་སྟབས། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱལ་ལ་ཤུགས་རྐྱེན་དྲག་པོ་ཐེབས་ཡོད།  མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ་ཧུར་ཐག་སྒོས་རིམས་འགོག་སྨན་ཁབ་ཞིབ་འཇུག་དང་གསར་སྤེལ། ཐོན་སྐྱེད། བགོ་བཤའ་བརྒྱག་པར་རྒྱལ་སྤྱི་དང་མཉམ་ལས་བྱེད་པ་དང་། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་སྣོན་པ། རིམས་ནད་འགོག་སྲུང་གི་འཛིང་རགས་མཉམ་སྐྲུན་བྱེད་པ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས།

གཉིས་པ། ཉོ་ཚོང་དངུལ་གཏོང་ལ་ཡང་བསྐྱར་ཧུར་སྐྱེད་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ་རྒྱལ་ཁབ་ཁག་གི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་དང་མཐུན་སྦྱོར་ཡོང་བར་ཤུགས་སྣོན་བྱེད་དགོས། ཕྱོགས་ཡོངས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་དཔལ་འབྱོར་གྱི་སྒུལ་ཤུགས་བརྗེ་སྒྱུར་དང་བྱེད་སྟངས་རྣམ་བསྒྱུར། གྲུབ་ཆ་ལེགས་སྒྲིག་བཅས་ལ་སྐུལ་འདེད་བཏང་ནས་འཛམ་གླིང་གི་དཔལ་འབྱོར་ཡུན་རིང་དང་སྐྱོན་བྲལ། བརྟན་བརླིང་བཅས་ཡིན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཐོག་བསྐྱོད་ཐུབ་པར་བྱ་དགོས། འཛམ་གླིང་ཉོ་ཚོང་རྩ་འཛུགས་ལྟེ་བ་ཡིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་ལ་རྒྱབ་སྐྱོར་དང་། གོ་ལ་ཧྲིལ་པོའི་ཐོན་ལས་འབྲེལ་ཐག་གི་མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་པ་དང་། མཉམ་ལས་རྒྱ་སྐྱེད་ལ་ཤུགས་བསྣན་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་སྔར་ལས་ལྷག་པར་འཕེལ་རྒྱས་ཀྱི་གྲུབ་འབྲས་མང་པོ་མྱོང་རོལ་བྱེད་དུ་འཇུག་དགོས།

གསུམ་པ། གསར་སྐྲུན་སྐུལ་འདེད་རྒྱུན་འཁྱོངས་བྱེད་དགོས། གསར་གཏོད་འཕེལ་རྒྱས་ཀྱི་མངོན་མིན་ནུས་ཤུགས་སྔོག་འདོན་དང་ཤེས་བྱའི་བདག་དབང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པར་ཤུགས་སྣོན། ཧུར་ཐག་སྒོས་ཞུགས་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་རྨང་གཞི་ཐོག་སྒྲིག་སྲོལ་བཟོས་ཏེ་ཚན་རྩལ་འཕེལ་རྒྱས་ཐད་སྒོ་འབྱེད་དང་འདྲ་མཉམ། དྲང་བདེན། མཐོང་ཆུང་མེད་པ་བཅས་ཀྱི་ཁོར་ཡུག་བསྐྲུན་དགོས། གསར་གཏོད་དང་སྤེལ་རེས། མཉམ་ལས་བཅས་གཏིང་ཟབ་ཏུ་སྤེལ་བ་དང་། ཚན་རྩལ་དེ་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ། གསར་གཏོད་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཧུར་ཐག་སྒོས་ཤེས་བྱ་དང་ལག་རྩལ། ཤེས་ལྡན་མི་སྣ་སོགས་གསར་གཏོད་ཀྱི་དགོས་ངེས་ཆ་རྐྱེན་ལ་ཚོད་འཛིན་བྱེད་པའི་བཀག་རྒྱ་མེད་པར་བཟོ་དགོས།

བཞི་བ། གོ་ལ་ཧྲིལ་བོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས། དངོས་དོན་གྱི་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ་དང་། མཉམ་གྲོས་མཉམ་སྐྲུན་དང་མཉམ་སྤྱོད་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་ལག་ལེན་དོན་འཁྱོལ་བྱེད་པ། གོ་ལ་ཧྲིལ་པོའི་ཐོན་ཁུངས་ལ་སྐུལ་སློང་བྱེད་པ། གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བསམ་ཚུལ་བརྗེ་རེས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། བསམ་ཕྱོགས་གཅིག་གྱུར་ཡོང་བ་ལས་ཁ་གཏད་དུ་མི་ལངས་པ།  མཉམ་འདྲེས་བྱེད་པ་ལས་འབྲེལ་ཐག་མི་གཅོད་པ། ཁོང་ཡངས་ཀུན་མཐུན་ལས་མཐོང་ཆུང་སྣང་དོག་མི་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། འདྲ་མཉམ་དྲང་བདེན་གྱི་འདུ་ཤེས་བཟུང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ལ་བསྒྱུར་བཅོས་བྱེད་པར་སྣེ་ཁྲིད་བྱེད་དགོས།

ཞི་ཅིན་ཕིང་གིས། ཀྲུང་གོའི་ཚད་མཐོའི་སྒོ་འབྱེད་བྱེད་ཤུགས་རྒྱ་ཆེར་གཏོང་བའི་ཆོད་སེམས་མི་འགྱུར་ལ། ཀྲུང་གོས་སྒོ་འབྱེད་བྱས་པའི་སྒོ་མོ་ཇེ་ཆེ་ནས་ཇེ་ཆེར་ཕྱེས་ཡོད། ཀྲུང་གོས་མུ་མཐུད་དུ་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཏོད་དེ་ཆུ་ཚད་མཐོ་བའི་སྒོ་ནས《ས་ཁོངས་ནང་གཏོགས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན》ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་དེ་ལས་མང་པོའི་ཁྲོམ་རའི་གོ་སྐབས་དང་མ་འཇོག་གོ་སྐབས། འཕར་སྣོན་གོ་སྐབས་བཅས་མཁོ་འདོན་བྱ་རྒྱུ་ཡིན། ང་ཚོས་ལག་གདང་མཉམ་སྦྲེལ་སྒོས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་མཐའ་འཁྱོངས་བྱ་རྒྱུ་དང་། མིག་སྔའི་འཛམ་གླིང་གི་དཔལ་འབྱོར་དང་དེ་མིན་རྒྱལ་སྤྱིའི་ཉོ་ཚོང་དང་དངུལ་གཏོང་ཐད་འཕྲད་པའི་གནད་དོན་རྣམས་མཉམ་དུ་ཐག་གཅོད་བྱས་ཏེ་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཀྱི་ཕྱོགས་སུ་བསྐྱོད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།