ཀྲུང་གོ་བོད་ཀྱི་དྲ་བ།

བདེན་འཚོལ་དུས་དེབ་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ་རང་རྒྱལ་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ངོས་འཛིན་དང་གོ་བ་ཡང་དག་ལེན་དགོས་ཞེས་པ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་པའི་ཚེས་བཅུ་དྲུག་ཉིན་གྱི་བདེན་འཚོལ་དུས་དེབ་འདོན་ཐེངས་བཅུ་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། ཁ་ཡིག་ལ་རང་རྒྱལ་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ངོས་འཛིན་དང་གོ་བ་ཡང་དག་ལེན་དགོས་ཞེས་པ་བཀོད།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་སྐབས་རང་རྒྱལ་གྱི་འཕེལ་རྒྱས་དང་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས། གནད་དོན་གལ་ཆེན་དང་གསར་པ་གང་མང་ལ་དངོས་སུ་གདོང་གཏོད་དགོས་པར་བརྟེན། གནད་དོན་དེ་དག་ལ་ངོས་འཛིན་དང་གོ་བ་ཡང་དག་ལེན་དགོས།

རྩོམ་ཡིག་ནང་བསྟན་དོན། ཐུན་མོང་ཕྱུག་འགྱུར་གྱི་འཐབ་ཇུས་དམིགས་འབེན་དང་ལག་ལེན་གྱི་ཐབས་ལམ་ལ་ངོས་འཛིན་དང་གོ་བ་ཡང་དག་ལེན་དགོས། ཐུན་མོང་དུ་ཕྱུག་པོར་འགྱུར་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནས་ལས་ཞུགས་སྔོན་ལ་འཇོག་པའི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བགོ་བཤའི་ནུས་པ་དང་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་པའི་ཞབས་ཞུའི་སྲིད་ཇུས་དང་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། མ་རྩའི་ཁྱད་ཆོས་དང་སྦྱོར་དངོས་ཆོས་ཉིད་ལ་ངོས་འཛིན་དང་གོ་བ་ཡང་དག་ལེན་དགོས།  སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་ཏུ། མ་རྩ་ཡི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མ་རྩའི་ཕན་འབྲས་མེད་པའི་ཆར་ཚོད་འཛིན་ནུས་ལྡན་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། དམའ་རིམ་ཐོན་རྫས་ཀྱི་མཁོ་སྤྲོད་འགན་ལེན་ལ་ངོས་འཛིན་དང་གོ་བ་ཡང་དག་ལེན་དགོས། གྲོན་ཆུང་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ནང་གི་ཐོན་ཁུངས་ཐོན་སྐྱེད་དང་འབྲེལ་བའི་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ་དང་། ཕྱི་རྒྱལ་གྱི་ཐོན་ཁུངས་དང་འབྲེལ་བའི་འགན་སྲུང་བྱེད་ནུས་སྔར་ལས་ཇེ་ལེགས་སུ་བཏང་ནས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་ཆེ་བའི་གནས་སུ་འཇོག་དགོས།

རྩོམ་ཡིག་ནང་བསྟན་དོན།ཉེན་ཁ་ཆེ་གྲས་ལ་ངོས་འཛིན་དང་གོ་བ་ཡང་དག་ལེན་དགོས། མ་མཐའི་མཚམས་ཐིག་གི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ནས། ཉེན་ཁ་དང་ཉམས་ཉེན་ཚབས་ཆེན་མི་ཐོན་པར་འབད་དགོས། ཁྱོན་ཡོངས་བརྟན་པོ་ཡོང་བར་བྱེད་པ་དང་། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་ཡོང་བར་བྱེད་པ། རིགས་དབྱེ་བའི་ངོས་ནས་སྲིད་ཇུས་ལག་བསྟར། གནད་ཁེལ་བཤིག་དཀྲོལ་བཅས་ཀྱི་གཞི་རྩའི་བྱེད་ཕྱོགས་མུ་མཐུད་དམ་འཛིན་བྱས་ནས། ཉེན་ཁ་གཙང་བཅོས་ཀྱི་ལས་དོན་ལ་དམ་འཛིན་ལེགས་པོ་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་ངོས་འཛིན་དང་གོ་བ་ཡང་དག་ལེན་དགོས། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་མངོན་འགྱུར་ཡོང་བར་བློ་བརྟན་འགྱུར་མེད་བྱེད་དགོས་ནའང་། འཐབ་ཐེངས་གཅིག་གིས་འགྲུབ་ཐུབ་པ་ཞིག་གཏན་ནས་མ་ཡིན་པས། བརྟན་ཐོག་ཡར་འཕེལ་དང་རིམ་གྱིས་མངོན་འགྱུར་ཡོང་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས།  རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་དང་གྲོན་ཆུང་དམིགས་བསལ་གྱིས་སྔོན་ལ་འཇོག་པ། ངོས་གཉིས་ནས་སྐུལ་འདེད་གཏོང་བ། ཕྱི་ནང་ཤར་བགྲོད་ཐུབ་པར་བྱེད་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། རྡོ་སོལ་གཙོ་བོ་ཡིན་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དངོས་ནས་རྐང་ཚུགས་པར་བྱས་ཏེ། ལྷད་མེད་ཐཱན་ཉུང་གི་ལག་རྩལ་མཁྲེགས་གཏོར་དམ་འཛིན་ནན་མོ་བྱེད་པ་དང་། ནུས་ཁུངས་འཛད་གྲོན་དང་འབྲེལ་བའི་ཚོད་འཛིན་གཉིས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། ཚོད་འཛིན་གཉིས་དང་ཐཱན་གཉིས་ཀྱི་ལས་དོན་གཅིག་གྱུར་སྒོས་ཡག་པོ་སྒྲུབ་པ་བཅས་བྱས་ནས། ནུས་ཁུངས་སྟོབས་ལྡན་གྱི་རྒྱལ་ཁབ་གང་མགྱོགས་བསྐྲུན་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།