ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་ཤ་པ་ཙི་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཞལ་ཆད་ལྟར་ཕ་ཁི་སི་ཐན་གྱི་ཙུང་ལི་ཤ་པ་ཙི་ལ་ཁ་པར་བཏང་། 

ལི་ཁེ་ཆང་གིས་བསྟན་དོན། ཀྲུང་ཕ་ནི་མཛའ་བརྩེ་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་དང་བློས་ཐུབ་གྲོགས་པོ་ཡིན། 2015ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་ལ་འཚམས་འདྲི་གནང་བ་དེས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་ཕྱིན། ཀྲུང་གོས་ཐོག་མཐའ་ཀུན་དུ་ཕ་ཁི་སི་ཐན་གྱི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་འགྲོར་བཞག་ཡོད་ལ། སྔར་རྒྱུན་བཞིན་དུ་ཕ་ཁི་སི་ཐན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཕ་ཁི་སི་ཐན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། དངུལ་རྩ་བརྟན་ལྷིང་སྲུང་སྐྱོང་བཅས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕ་ཁི་སི་ཐན་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་སོགས་རྣམ་གྲངས་གལ་ཆེན་གྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རིམས་ནད་འགོག་སྡོམ་ཡག་པོ་བྱེད་པའི་ཆ་རྐྱེན་འོག་ཕྱོགས་གཉིས་ཀྱི་མི་སྣ་འགྲོ་འོང་ལ་ཤུགས་སྣོན་རྒྱག་འདོད་ཡོད། 

ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོས་མི་རིང་བའི་སྔོན་ཁ་ལ་ཆིའི་ཀྲུང་གོའི་སྤྱི་དམངས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་དེར་ཧང་སངས་པ་དང་ཁོང་ཁྲོ་ཆེན་པོ་ལངས་ནས་འཇིགས་སྐུལ་གྱི་འཇབ་རྒོལ་དེར་རྒོལ་གཏམ་དྲག་པོ་བཏང་ཡོད། ཕ་ཁི་སི་ཐན་གྱིས་གང་མགྱོགས་ངང་ལག་དམར་ཁྲིམས་ལ་སྦྱར་ནས། ནུས་ཤུགས་ཡོད་རྒུས་རྗེས་མཐུད་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་ཏེ། རྐྱེན་ལམ་དུ་ཤོར་བའི་མི་སྣའི་གཉེན་ཉེ་དང་རྨས་མར་སེམས་གསོ་བྱེད་པ་དང་། ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྒྲིག་གཞི་དང་མི་སྣའི་བདེ་འཇགས་སྲུང་སྐྱོང་བྱེད་ཐབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཡིད་སྐྱོ་བའི་གནས་ཚུལ་དེ་རིགས་བསྐྱར་དུ་མི་འབྱུང་བར་འགན་ལེན་བྱ་རྒྱུའི་རེ་བ་ཡོད། 

ཤ་པ་ཙི་ཡིས་ཡང་བསྐྱར་ཁ་ལ་ཆིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལས་ཀྲུང་གོའི་མི་སྣ་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཟབ་མོ་ཞུས་པ་དང་། རྨས་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ནས། ཕ་ཁི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་མི་སྣའི་ཚེ་སྲོག་བདེ་འཇགས་ལ་གཅེས་སྤྲས་བྱས་ཏེ། ཀྲུང་གོའི་ཤི་རྨས་མི་སྣ་རང་ཉིད་ཀྱི་སྤུན་ཟླར་བརྩིས་ནས། ནུས་ཤུགས་ཡོད་རྒུས་དོན་རྐྱེན་གྱི་གནས་ཚུལ་ངོ་མར་བརྟག་དཔྱད་བྱེད་པ་དང་ལག་དམར་འཛིན་བཟུང་བྱས་ཏེ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ་དང་། ཕ་ཁི་སི་ཐན་གྱིས་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྒྲིག་གཞི་དང་མི་སྣར་བདེ་སྲུང་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ། དེ་དང་འདྲ་བའི་དོན་རྐྱེན་བསྐྱར་དུ་མི་འབྱུང་པར་འགན་ལེན་བྱ་རྒྱུ་ཡིན་ཞེས་ནན་གྱིས་བསྟན། 

ཤ་པ་ཙི་ཡིས་བསྟན་དོན། ཕ་ཀྲུང་གི་མཛའ་མཐུན་འབྲེལ་བ་གཏིང་ཟབ་ཅིང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཆུ་ཚད་སྔ་ན་མེད་པའི་མཐོ་ཚད་ལ་སླེབས་ཡོད། ཕ་ཁི་སི་ཐན་གྱིས་ཀྲུང་གོ་དང་མཉམ་དུ་ཕ་ཀྲུང་དཔལ་འབྱོར་བར་ཁྱམས་བསྐྲུན་ཤུགས་ཇེ་མགྱོགས་སུ་བཏང་ཞིང་། གཙོ་གནད་རྣམ་གྲངས་དང་དཔལ་འབྱོར་དམིགས་བསལ་ཁུལ་སོགས་ཀྱི་མཉམ་ལས་གཏིང་ཟབ་དང་མི་སྣ་འགྲོ་འོང་དམ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་འདོད་ཡོད། 

ཝང་དབྱང་དང་ཞའོ་ཅེ། ཧི་ལི་ཧྥུང་བཅས་གོང་གསལ་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།