ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་འཛིན་གསར་བ་མུའུ་ཧན་མོ་ཏེ་ལ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧ་ལི་ཧྥ་སྐུ་གཤེགས་པར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་འཛིན་གསར་བ་མུའུ་ཧན་མོ་ཏེ་ལ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧ་ལི་ཧྥ་སྐུ་གཤེགས་པར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས། ཁོང་མི་སྒེར་བཅས་ཀྱི་མིང་ཐོག་ནས་སྲིད་འཛིན་ཧ་ལི་ཧྥ་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་པ་མ་ཟད། སྲིད་འཛིན་ཧ་ལི་ཧྥ་ཡི་ཉེ་མི་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་སྲིད་འཛིན་ཧ་ལི་ཧྥ་ཡིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཆབ་སྲིད་བརྟན་ལྷིང་ལ་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཀྱི་ལས་ལ་གཞོལ་བ་ཡིན་པས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་མི་དམངས་ཀྱིས་གོང་བཀུར་དང་རྒྱབ་སྐྱོར་ཟབ་མོ་ཐེབས་ཡོད། སྲིད་འཛིན་ཧ་ལི་ཧྥ་སྐུ་འཚོ་བཞུགས་གནང་སྐབས་ཀྲུང་ཨའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་ལྷུར་ལེན་བྱས་པ་རེད། ཁོང་སྐུ་གཤེགས་པ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མི་དམངས་ཀྱི་གྱོང་གུན་ཆེན་པོ་ཞིག་ཡིན་ལ། ཀྲུང་གོ་མི་དམངས་ལ་གྲོགས་པོ་ཡག་པོ་ཞིག་མེད་པར་གྱུར་སོང་བ་རེད། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་ཨའི་མཛའ་མཐུན་འབྲེལ་བར་གཅེས་སྤྲས་དང་མཐོང་ཆེན་བྱེད་ཀྱིན་ཡོད། མ་འོངས་པར་ཕྱོགས་གཉིས་ཀྱིས་ཐུན་མོང་འབད་བརྩོན་འོག་ཀྲུང་ཨ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་འགྲོ་ངེས་པར་ཡིད་ཆེས་ཡོད་ཅེས་གསུངས། །


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།