ད་ལོར་ཆུ་བེད་བཟོ་གྲྭའི་རྣམ་གྲངས་གལ་ཆེན་སུམ་ཅུ་ཡན་གྱི་ལས་འགོ་གསར་དུ་ཚུགས་པར་འགན་ལེན་ཏན་ཏིག་བྱ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  《དཔལ་འབྱོར་དཔྱད་གཞིའི་ཚགས་པར》གྱི་གསར་འགོད་པས་ཆུ་བེད་པུའུ་ནས་ཤེས་གསལ་ལྟར་ན། ཆུ་བེད་པུའུ་ཡིས་ཉེ་སྔོན2022ལོའི་ཆུ་བེད་བཟོ་གྲྭ་གལ་ཆེན་ལས་འགོ་འཛུགས་པར་སྐུལ་འདེད་གཏོང་བའི་ཆེད་དོན་བཀོད་གཏོང་གྲོས་མོལ་འཚོགས་ཏེ། ཆུ་བེད་བཟོ་གྲྭ་གལ་ཆེན་ལས་འགོ་འཛུགས་པའི་ལས་དོན་སྤེལ་རྒྱུར་ཇེ་མགྱོགས་སུ་བཏང་ནས།  2022ལོར་རྣམ་གྲངས30ཡན་ལས་འགོ་འཛུགས་ཐུབ་པར་འགན་ལེན་བྱ་རྒྱུ་རེད། 

ད་ལོའི་རིང་། ཆུ་བེད་བཟོ་གྲྭར་མ་དངུལ་འཇོག་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་།  ད་ལོའི་ཟླ1པོ་ནས3པའི་བར། རྒྱལ་ཡོངས་ཀྱིས་ཆུ་བེད་ཐད་མ་དངུལ་སྒོར་དུང་ཕྱུར1077བཏང་བ་དེ་དུས་མཉམ་ལས35%འཕར་ཡོད།  ཟླ4པའི་ཚེས26ཉིན་འཚོགས་པའི་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག   འགྲིམ་འགྲུལ་དང་ནུས་རྒྱུ།  ཆུ་བེད་སོགས་དྲ་རྒྱའི་རྣམ་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ།  དྲ་སྦྲེལ་དང་དྲ་གསབ། འབྲེལ་ཐག་བརྟན་གཏོང་བཅས་འཛུགས་སྐྲུན་གྱི་གཙོ་གནད་དུ་བཟུང་ནས། ཧུར་ཐག་གིས་དྲ་རྒྱའི་ཕན་འབྲས་ཆེ་རུ་གཏོང་དགོས།   རྒྱལ་ཁབ་ཀྱི་ཆུའི་དྲ་བའི་སྒྲོམ་གཞི་གཙོ་བོ་དང་འཕར་རྩ་ཆེན་པོ་མགྱོགས་མྱུར་ངང་བཙུགས་ནས་ཆུ་ཁུངས་དང་། ཞིང་ཆུ་འདྲེན་ཁུལ། ཆུ་ལོག་གསོག་ཁུལ་བཅས་འཛུགས་སྐྲུན་གཙོ་བོ་དང་དེང་རབས་ཅན་དུ་འགྱུར་བའི་བསྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་།

ཆུ་བེད་པུའུ་ཡིས་བསྟན་དོན།  2022ལོར་ཆུ་བེད་བཟོ་གྲྭ་ཐད་མ་དངུལ་སྒོར་དུང་ཕྱུར8000ཙམ་གཏོང་རྒྱུ་རེད།   ཆུ་བེད་རྣམ་གྲངས་གལ་ཆེན55ཡི་དུས་འགོའི་ལས་དོན་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་བ་དང་།  ཉེན་སྐྱོན་ཅན་གྱི་ཆུ་མཛོད1700ལྷག་ཙམ་ཉེན་སེལ་དང་སྲ་བརྟན་དུ་གཏོང་བ། ཞིང་ཆུ་གཏོང་ཁུལ་ཆེ་འབྲིང570ཙམ་ལ་མུ་མཐུད་དུ་འཛུགས་སྐྲུན་ཆ་ཚང་དང་དེང་རབས་ཅན་གྱི་བསྒྱུར་བཀོད་ལག་བསྟར་བྱ་རྒྱུ་ཡིན་པར་བསྟན།

“ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཚེ་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་དང་།   རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་ཤར་གཏོང་།   རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ལ་སྐུལ་འདེད།   ནང་མཁོ་རྒྱ་ཆེར་གཏོང་བ།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   སྤྱི་ཁོག་དཔལ་འབྱོར་གྱི་གཞི་རྩའི་ཆ་རྐྱེན་བརྟན་པོ་ཡོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད” ཅེས་ཆུ་བེད་པུའི་པུའུ་ཀྲང་གཞོན་པ་ཝུའེ་ཧྲན་ཀྲུང་གིས་ཐེངས་འདིའི་བཀོད་གཏོང་གྲོས་མོལ་ཚོགས་འདུའི་ཐོག་ནན་བཤད་བྱས།

དེ་ལས་གཞན། ལས་དོན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།  རྩིས་ཁྲའི་དོ་དམ་ལ་ཤུགས་སྣོན་རྒྱག་པ།  བབ་བསྟུན་འཛུགས་སྐྱོང་དང་འགེལ་རིས་དམག་འཐབ།  རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་རྗེས་སྙེགས་དམ་འཛིན་བཅས་བྱས་ནས་དུས་ཐོག་ཏུ་བཀོད་གཏོང་གྲོས་མོལ་དང་། འཕེལ་རིམ་གྱི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།  འཛུགས་སྐྲུན་མ་དངུལ་སྔོན་ལ་དོན་འཁྱོལ་ཡག་པོ་བྱེད་པ་དང་ལས་འགོ་མ་ཚུགས་གོང་གི་གྲ་སྒྲིག་ལས་དོན་སོ་སོ་ཡག་པོར་བསྒྲུབས་ཏེ་ཆ་རྐྱེན་འཛོམས་རྗེས་སྔ་མོ་ནས་ལས་འགོ་འཛུགས་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།