ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཏེན་མག་གི་ཕྱི་འབྲེལ་བློན་ཆེན་ཁི་ཧྥུའུ་ཏེ་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས12ཉིན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཏེན་མག་གི་ཕྱི་འབྲེལ་བློན་ཆེན་ཁི་ཧྥུའུ་ཏེ་ལ་ཁ་པར་བཏང་། 

ཁི་ཧྥུའུ་ཏེ་ཡིས་བསྟན་དོན། ཏེན་ཀྲུང་རྒྱལ་ཁབ་གཉིས་ལ་ཐུན་མོང་གི་ཁེ་ཕན་ཆེན་པོ་ལྡན་ཡོད་པས། རྒྱལ་ཁབ་གཉིས་ཀར་ཕྱོགས་གཉིས་ཀྱི་འབྲེལ་བ་ནུས་ལྡན་ཡོད། ཏེན་མག་གིས་ཏེན་ཀྲུང་གི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ལྗང་མདོག་མཉམ་འབྲེལ་བྱ་བའི་ཇུས་གཞིའི་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་གི་ངོས་འཛིན་གང་མགྱོགས་ཀྱིས་ཆགས་པར་བྱ་རྒྱུའི་རེ་བ་ཡོད། 

ཝང་དབྱི་ཡིས་བསྟན་དོན། ཀྲུང་ཏེན་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་བྱེད་པའི་རྣམ་འགྱུར་གྱི་ཐོག་ཐུན་མོང་གི་ཁེ་ཕན་དོན་གཉེར་བྱས་ཏེ། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱས་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་མུ་མཐུད་དུ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོས་ཏེན་མག་དང་མཉམ་དུ་སྐྱོན་བྲལ་བརྟན་ལྷིང་གི་ཀྲུང་ཏེན་འབྲེལ་བ་རྒྱུན་ཆད་མེད་པར་འཐུས་ཚང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། ཕྱོགས་གཉིས་ཀྱིས་ལྗང་མདོག་མཉམ་འབྲེལ་བྱ་བའི་ཇུས་གཞི་མྱུར་དུ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་སྐབས་རྗེས་མའི་མཉམ་ལས་ལ་མདུན་ལྗོངས་རྒྱ་ཆེན་པོ་ཞིག་བསྐྲུན་འདོད་ཡོད། 

ཕྱོགས་གཉིས་ཀྱིས་ཡུག་རེན་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

ཁི་ཧྥུའུ་ཏེ་ཡིས་ཏེན་མག་གི་ལངས་ཕྱོགས་རྒྱས་བཤད་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཤུགས་རྐྱེན་ཐེབས་ཤུགས་བཏོན་ནས་དམག་འཁྲུག་ཡུན་རིང་ནར་འགྱངས་མི་ཡོང་བ་དང་། མི་ཆོས་རིང་ལུགས་ཀྱི་གནོད་འཚེ་བྱུང་རྒྱུར་སྔོན་འགོག་བྱ་རྒྱུའི་རེ་བ་ཡོད་པ་དང་། ཏེན་མག་གིས་ཀྲུང་གོ་དང་མཉམ་དུ་དམག་མཚམས་འཇོག་པ་དང་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་འབད་བརྩོན་བྱེད་འདོད་ཡོད་ཅེས་བསྟན། 

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་གང་ཞིག་སྒྲུབ་རུང་ཚང་མས་གནས་ཚུལ་དངོས་ཀྱི་བདེན་རྫུན་དྲང་འཁྱོག་ནས་མགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རང་ཚུགས་རང་བདག་ངང་བརྡར་ཤ་གཅོད་པ། ཞི་བདེའི་ཕྱོགས་སུ་ལངས་པ། དོན་དངོས་ཀྱི་ཕྱོགས་སུ་ལངས་པ། བདེན་དོན་གྱི་ཕྱོགས་སུ་ལངས་པ་བཅས་མཐའ་འཁྱོངས་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཐད་གལ་ཆེ་ཞིང་དབང་གྲགས་ལྡན་པའི་རྒྱས་བཤད་ཐེངས་མང་གནང་ཡོད། ང་ཚོས་བལྟས་ན་དམག་འཁྲུག་དང་བཀག་སྡོམ་གང་ཡིན་རུང་རྩོད་གཞི་ཐག་གཅོད་བྱེད་ཐབས་ཡང་དག་ཅིག་མིན། ཀྲུང་གོས་འབད་བརྩོན་ཆེན་པོ་གཅིག་ཏུ་བསྡུས་ནས་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཨུ་རུ་སུ་དང་ཡུག་རེན་བར་གྱི་གདོང་གཏུག་ཐོག་མར་བྱུང་བའི་སྐབས། ཀྲུང་གོས་རང་ཉིད་ཀྱི་བྱེད་ཐབས་ལ་བརྟེན་ནས་གྲོས་མོལ་ལ་སྐུལ་མ་བཏང་བ་དང་། གནས་བབ་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་བཏང་ཡོད། ཀྲུང་གོས་མུ་མཐུད་དུ་ཁ་ཕྱོགས་འདིའི་ཐད་འབད་བརྩོན་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བར་འདུམ་དང་གྲོས་མོལ་ལ་སྐུལ་འདེད་བྱེད་པར་ཕན་པའི་འབད་བརྩོན་ཡོད་ཚད་ལ་དགའ་བསུ་ཞུ་རྒྱུ་ཡིན།  

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོས་ཡུག་རེན་གྱི་གནད་དོན་ཐད་ཀྱི་ཡོ་རོབ་རྒྱལ་ཁབ་ཀྱི་དོ་ཁུར་བྱ་ཡུལ་གཙོ་བོར་བསམ་ཤེས་བྱེད་ཀྱིན་ཡོད། མིག་སྔར་ཁ་ཚ་དགོས་གཏུག་ཏུ་གྱུར་པ་ནི་རྒྱལ་ཁབ་ཁག་ཏུ་མཉམ་ཤུགས་ཆགས་ནས། གདོང་ཐུག་ཡུན་རིང་ཅན་དང་རྒྱ་ཆེར་འགྲོ་བར་སྔོན་འགོག་བྱེད་པ་དང་། གང་མགྱོགས་ངང་དམག་མཚམས་འཇོག་པ་མངོན་འགྱུར་བྱེད་པ། མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་བ་བཅས་རེད། འབྲེལ་ཡོད་ཕྱོགས་ཀྱིས་གནད་དོན་ཐག་གཅོད་བྱེད་པའི་ཆབ་སྲིད་ཀྱི་འདོད་བློ་མངོན་ནས། ཕན་ཚུན་བར་གྱི་ལུགས་མཐུན་གྱི་དོ་ཁུར་ལ་ལྟ་རྟོག་བྱེད་པའི་རྨང་གཞིའི་ཐོག་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་མུ་མཐུད་དུ་ཨུ་རུ་སུ་དང་ཡུག་རེན་གྱིས་ཐད་ཀར་གྲོས་མོལ་བྱ་རྒྱུར་དགེ་མཚན་ལྡན་པའི་ཆ་རྐྱེན་བཏོད་ནས། ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་དགོས་ངེས་ཀྱི་བར་མཐོངས་ཤིག་གཏོད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།