ཞི་ཅིན་ཕིང་གིས་མ་ཁོ་སི་ཧྥེ་ལི་ཕིན་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥེ་ཏེ་ནན་ཏེ·ལུའོ་མུའུ་ཏེ་ཙི·མ་ཁོ་སི་ལ་གློག་འཕྲིན་བཏང་ནས་ཁོང་ཧྥེ་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་ཧྥེ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་དང་སྐྱིད་སྡུག་མཉམ་མྱོང་གི་རོགས་ཟླ་ཡིན། ཉེ་བའི་ལོ་ཤས་རིང་ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཀྲུང་ཧྥེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་ཇེ་ལེགས་སུ་ཕྱིན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ཆེད་ལེགས་སྐྱེས་ཕུལ་ཡོད་ཞེས་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་ཀྲུང་ཧྥེ་རྒྱལ་ཁབ་གཉིས་ནི་འགག་རྩའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཡོད་པས་ཕྱོགས་གཉིས་ཀྱི་འབྲེལ་བར་གོ་སྐབས་གལ་ཆེན་དང་མདུན་ལམ་ཆེན་པོ་ལྡན་ཡོད། ངས་ཀྲུང་ཧྥེའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། མ་ཁོ་སི་ཙུང་ཐུང་ལ་བདམས་ཐོན་བྱུང་ནས་ལས་དོན་གྱི་འབྲེལ་བ་བཟང་པོ་བཙུགས་ཏེ། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་མཐའ་འཁྱོངས་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བར་སྐུལ་འདེད་གཏིང་ཟབ་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

ཉིན་དེར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཧྲ་ལ·ཆི་མོར་མན·ཏུའུ་ཐེར་ཐེ·ཁ་པེའོ་ལ་གློག་འཕྲིན་བཏང་ནས་ཁོང་ཧྥི་ལི་ཕིན་གྱི་ཙུང་ཐུང་གཞོན་པར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།