ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། འདས་ཟིན་པའི་ལོ་ལྔ་ཡི་རིང་ལ། ང་དང་སྐུ་ཞབས་ཙུང་ཐུང་གིས་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་ཐུབ་པར་སྣེ་འདོམས་བྱས་ནས། ཕྱོགས་གཉིས་ཀའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར་བརྟེན། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་ཀྱི་གནད་དོན་ཐད་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་གང་ཐུབ་བྱས་ཡོད། འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་མདུན་དུ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་རང་བཙན་རང་བདག་གི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱིས། རང་བཙན་རང་བདག་དང་ཕན་ཚུན་བསམ་ཤེས། མིག་རྒྱང་རིང་བ། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་ཕྱི་འབྲེལ་འབྲེལ་བ་འཛུགས་པའི་ཐོག་མའི་སེམས་འདུན་བརྟན་སྲུང་བྱས་པ་དང་། དམ་ཟབ་རྒྱུན་སྲིང་གི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་གནས་ཐིག་རྒྱུན་འཁྱོངས་བྱས་པ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གལ་ཆེན་ལ་བརྩི་འཇོག་བཅས་བྱས་ནས། ཕྱོགས་གཉིས་དང་། ཀྲུང་གོ་དང་ཡོ་རོབ། གོ་ལ་ཧྲིལ་པོ་བཅས་མཐུན་སྦྱོར་མཉམ་ལས་དམ་ཟབ་ཡོང་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་ཀྱི་རིམ་པ་སོ་སོའི་བར་གྱི་འགྲོ་འོང་མུ་མཐུད་ཇེ་དམ་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོབ་གང་ལེགས་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀས་ཕན་ཚུན་བར་བསམ་ཚུལ་བརྗེ་རེས་ཡོད་པའི་ལམ་སྲོལ་ལ་བརྟེན་ནས། མ་འོངས་པའི་ལོ་ངོ་ལྔ་ཡི་རིང་ལ། རྒྱལ་ཁབ་གཉིས་ཀའི་མཉམ་ལས་གཙོ་བོར་འཆར་འགོད་ཡག་པོ་བཟོས་ཏེ། དམངས་སྤྱོད་རྡུལ་ཕྲན་ནུས་པ་དང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། མིས་བཟོས་རིག་ནུས་དང་ནུས་ཁུངས་གཙང་མ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལའང་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སིའི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད་ཅིང་། ཧྥ་རན་སིའི་དངུལ་རྩ་དང་ལག་རྩལ་མཐོ་བའི་ཁེ་ལས་ཀྲུང་གོར་མཉམ་ལས་བྱེད་དུ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཧྥ་རན་སི་རུ་སོང་ནས་མ་དངུལ་གཏོང་བ་དང་མཉམ་ལས་བྱེད་པའི་ཐད་དྲང་གཞག་དང་འདྲ་མཉམ། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་ཡོད། ཉིས་སྟོང་ཉེར་བཞི་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བ་དང་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སོགས་ཀྱི་གོ་སྐབས་གལ་ཆེན་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་སྤྱི་ཚོགས་དང་འབྲེལ་བའི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྗེ་རེས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་ཤེས་རྟོགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀས་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་རྨང་རྟེན་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ།  འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བར་རྒྱབ་སྐྱོར་བྱེད་པ། གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་འཇལ་བ་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་དང་རྒྱལ་སྤྱིའི་འབྲུ་རིགས་དང་ནུས་ཁུངས་ཀྱི་བདེ་འཇགས་སོགས་ལ་འབྲེལ་མཐུད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གླིང་ཆེན་ཨ་ཧྥེ་རི་ཁ་སོགས་འདུས་པའི་ས་ཁུལ་གསུམ་གྱི་མཉམ་ལས་ཁྱབ་རྒྱ་ཆེ་རུ་གཏོང་བ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འགོར་འབྲེལ་མཐུད་དང་གྲོས་སྡུར། མཉམ་ལས་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བརྟན་ལ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བཞིན་པ་དེ་ནི། ཀྲུང་གོ་དང་ཡོ་རོབ་བར་དང་དེ་བཞིན་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ཡོད། ཧྥ་རན་སི་ཕྱོགས་ཀྱིས་འཐབ་ཇུས་རང་བརྟེན་རྒྱུན་འཁྱོངས་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱིན་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོར་འཛིན་པའི་ལྟ་སྟངས་ཡང་དག་རྒྱུན་འཁྱོངས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་འགྲོ་འོང་བྱེད་པ། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ། ཐུན་མོང་གི་ཁེ་ཕན་ལ་བརྩི་འཇོག་ཡོད་པའི་རྨང་གཞིའི་སྟེང་དུ། དཔལ་འབྱོར་ཉོ་ཚོང་དང་ལྷད་མེད། གཞི་གྲངས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཧྥ་རན་སི་ཡིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད།

མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེད་སྙིང་སྟོབས་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གང་ལེགས་བཏང་ཡོད། འདས་ཟིན་པའི་ལོ་ངོ་ལྔ་ཡི་ནང་དུ། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅིང་། མ་འོངས་པའི་ལོ་ངོ་ལྔ་ཡི་ནང་དུ། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཞིང་ལས་དང་མཁའ་འགྲུལ། དམངས་སྤྱོད་ཉིང་རྡུལ་ནུས་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་དགེ་མཚན་ལྡན་པའི་གྲུབ་འབྲས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།

རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་པས་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་གནང་ནས། ཨུ་རུ་སུ་དང་ཝུའུ་ཁི་ལན་གཉིས་ཀྱིས་གྲོས་མོལ་གྱི་བྱེད་ཐབས་སྤྱད་དེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱེད་དགོས་པའི་ངོས་འཛིན་གཅིག་མཐུན་གནང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།