མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་འཕེལ་རྒྱས་གླེང་སྟེགས་སྐབས་ལྔ་པ་ཧང་ཀྲོའུ་རུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་འཕེལ་རྒྱས་གླེང་སྟེགས་སྐབས་ལྔ་པ་ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན་ཧང་ཀྲོའུ་རུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གླེང་སྟེགས་ཀྱི་རྩ་འཛུགས་བྱ་བའི་ཨུ་ཡོན་ལྷན་ཁང་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ། ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་མཛད་དེ། གླེང་སྟེགས་བསྡུས་པར་རྟེན་འབྲེལ་ཞུས།

ཝང་དབྱང་གིས་བསྟན་དོན། མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་འཕེལ་རྒྱས་གླེང་སྟེགས་ནི་འགྲམ་གཉིས་ཀྱི་ན་གཞོན་འགྲོ་འོང་དང་བསམ་ཚུལ་བརྗེ་རེས་བྱེད་པའི་གར་སྟེགས་གལ་ཆེན་ཞིག་ཡིན། གཙོ་སྒྲུབ་ཕྱོགས་དང་དེ་བཞིན་འགྲམ་གཉིས་ཀྱི་ན་གཞོན་གྲོགས་པོ་ཚོས་མཉམ་དུ་སྐྱེད་སྲིང་དང་གླེང་སྟེགས་ཁྲོད་དངོས་སུ་ཞུགས་ཏེ། ཤུགས་རྐྱེན་ངན་པ་དང་མིས་བཟོས་པའི་འགོག་རྐྱེན་སྣ་ཚོགས་ཁྱད་དུ་བསད་ནས། གླེང་སྟེགས་སྐབས་ལྔ་བསྟུད་མར་གཉེར་བའི་དབང་གིས། གླེང་སྟེགས་ལ་དོ་ཁུར་བྱེད་ཚད་དང་དེའི་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་སོང་བ་དེའི་སྟེང་ནས། འགྲམ་གཉིས་ཀྱི་སྤུན་ཟླ་ཚོའི་བརྗེ་རེས་མཉམ་ལས་ཀྱི་འདུན་པ་ཆེན་པོ་གང་ལེགས་མངོན་ཡོད།

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཞི་བདེ་དང་འཕེལ་རྒྱས། འཚོ་བ་ཡག་པོ་བཅས་ཡོང་བར་བྱ་རྒྱུ་ནི་ཐའེ་ཝན་སྤུན་ཟླའི་ཐུན་མོང་གི་བསམ་འདུན་ཞིག་དང་། བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་རྒྱུ་ནི་འགྲམ་གཉིས་ཀྱི་སྤུན་ཟླ་ཚོའི་ཐུན་མོང་གི་དོན་གཉེར་ཞིག་ཡིན། སྐབས་འདིའི་གླེང་སྟེགས་ཀྱིས་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་བསྐྲུན་ཅེས་པ་བརྗོད་དོན་གཙོ་བོར་བཟུང་ཡོད་ཅིང་། བྱེད་ཕྱོགས་དེ་ནི་འགྲམ་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་བསམ་འདུན་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་འཚམ་ཡོད། མེས་རྒྱལ་སྐམ་ས་ཆེ་མོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་བྱས་པ་དང་། བློ་སྟོབས་ཆེར་སྐྱེད་ཀྱིས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་བཞིན་ཡོད་པས། འགྲམ་གཉིས་ཀྱི་སྤུན་ཟླ་དང་ལྷག་པར་དུ་མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་ཚོས་ལག་གདང་སྦྲེལ་ནས་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱེད་ཆེད་ཡངས་ཤིང་རྒྱ་ཆེ་བའི་བར་སྟོང་ལེགས་པོ་བསྐྲུན་ཡོད། ང་ཚོས་ཐའེ་ཝན་གྱི་ན་གཞོན་སྔར་ལས་མང་པོ་སྐམ་ས་ཆེ་མོ་རུ་ཡོང་ནས། ལང་ཚོའི་ཕུགས་འདུན་དོན་གཉེར་དང་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་དུ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཚང་མ་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་ནང་ཞུགས་རྒྱུར་སྔར་ལས་ལེགས་པའི་ཆ་རྐྱེན་བསྐྲུན་འདོད་ཡོད།  འགྲམ་གཉིས་ཀྱི་ན་གཞོན་ཚོས་དུས་རབས་དང་གོམ་སྟབས་གཅིག་མཚུངས་དང་མི་རིགས་དང་ལས་དབང་གཅིག་མཐུན་ཡོང་བར་བྱས་ཏེ། མཉམ་དུ་ཡར་ངོའི་ཟླ་ལྟར་འཕེལ་བའི་ལང་ཚོའི་ལེའུ་གསར་པ་བརྩམས་ནས། ཕངས་སེམས་མེད་ལ་ངོ་མཚར་ཆེ་བའི་མི་ཚེའི་ལེའུ་ཞིག་བསྐྲུན་རྒྱུའི་རེ་ལྟོས་བྱེད་ཀྱིན་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།