ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ནོར་སྲིད་དངུལ་ལོར་གྱི་སྲིད་ཇུས་ཀྱིས་ལས་ཞུགས་སྔོན་ལ་འཇོག་རྒྱུ་ཁྲིད་སྟོན་དུ་བཟུང་བ་བརྒྱུད། དཔལ་འབྱོར་སྔར་ལས་ཇེ་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་དང་། གསོག་འཇོག་རྒྱུ་ནོར་སྔར་ལས་གང་ལེགས་སྤྱོད་པ། སྤྱི་ཚོགས་ཀྱི་དངུལ་གཏོང་ཐབས་ལམ་སྔར་ལས་རྒྱ་སྐྱེད་པ།  ཕན་འབྲས་ལྡན་པའི་དངུལ་གཏོང་གི་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་ཀྱི་ཐད་བཀོད་སྒྲིག་བྱས་ལ། དུས་རིམ་རང་བཞིན་གྱི་དཔལ་འབྱོར་དཀའ་ངལ་ཡོད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར། རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་མ་དངུལ་ཀྱི་སྐྱེད་ཀ་སྟེར་མི་དགོས་པའི་གཏན་འབེབས་བྱས།

གྲོས་ཚོགས་ནས་བསྟན་དོན། ནད་ཡམས་གསར་པ་དང་རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་ལ་སྔོན་དཔག་ལས་བརྒལ་བའི་ཤུགས་རྐྱེན་ཐེབས་པའི་དབང་གིས། ཟླ་བཞི་པའི་ནང་ནས་བཟུང་དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་གསར་པ་སྔར་ལས་ཆེ་རུ་ཕྱིན་ཡོད།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། ཡིད་ཆེས་བརྟན་གཏོང་དང་དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་པ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བརྟན་གཏོང་བཅས་བྱས་ཏེ། ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་བྱས་ནས་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་མཁོ་འདོན་བྱེད་པ་དང་། བསམ་སྦྱོར་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས། གཅིག་ནས་ནོར་སྲིད་དངུལ་ལོར་གྱི་སྲིད་ཇུས་ཀྱིས་ལས་ཞུགས་སྔོན་ལ་འཇོག་རྒྱུ་ཁྲིད་སྟོན་དུ་བཟུང་ནས། དཔྱ་ཁྲལ་ཇེ་ཡང་དུ་གཏོང་རྒྱུ་དང་སྤྱི་ཚོགས་འགན་སྲུང་གྲོན་དངུལ་སྤྲོད་རྒྱུ་ཕྱིར་འགྱངས་བྱེད་པ། མ་དངུལ་འཁོར་རྒྱུག་གི་མ་རྩ་ཇེ་དམའ་རུ་གཏོང་རྒྱུ་སོགས་ཀྱི་ཐད་ནས། ཚོང་རའི་གྲུབ་ཆ་གཙོ་བོ་དང་ལས་གནས་དང་ལས་ཞུགས་བརྟན་པོ་ཡོང་བར་ཁ་ཕྱོགས་གང་ཐུབ་བྱས་ཏེ། གཞི་རྩའི་དམངས་འཚོར་འགན་ལེན་དང་འཕར་སྣོན་བརྟན་པོ་ཡོང་བར་བྱེད་པ། འཛད་སྤྱོད་ལ་སྐུལ་འདེད་བཅས་གཏོང་དགོས། གཉིས་ནས་དངོས་གོང་བརྟན་པོ་ཡོང་བར་འགན་ལེན་ནན་མོ་བྱེད་དགོས། གསུམ་ནས་ནུས་ཁུངས་མཁོ་སྤྲོད་ལ་འགན་ལེན་གང་ལེགས་བྱེད་དགོས། བཞི་ནས་མིག་སྔའི་དཀའ་ངལ་ཡོད་པའི་ཁེ་ལས་ལ་སྡོད་ཁང་སྤྱི་གསོག་མ་དངུལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ཏེ། ལོ་མཇུག་གི་སྔོན་ལ་ཕྱིར་བྱིན་ན་ཆོག་པ་བཟོས་ནས། སྔོན་རྩིས་སྒོར་ཐེར་ཆེན་དགུ་ལྷག་ཙམ་ལ་བརྟེན་ནས་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས། ལྔ་ནས་རྒན་གསོའི་འགན་བཅོལ་གྲོན་དངུལ་འཇལ་རྒྱུ་ཕྱིར་འགྱངས་བྱེད་པའི་སྲིད་ཇུས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། དུས་བཀག་སྔར་ལས་ཇེ་རིང་དུ་གཏོང་བའི་བྱ་ཐབས་ལ་ཞིབ་འཇུག་དམ་འཛིན་བྱས་ནས། ས་གནས་ཀྱིས་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་ཆུ་དང་གློག་སོགས་ཀྱི་འགྲོ་གྲོན་ལ་ཁ་གསབ་སྤྲོད་རྒྱུར་མཛུབ་སྟོན་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་གཞིར་བཟུང་ནས། གཏན་འཇགས་རྒྱུ་ནོར་དངུལ་གཏོང་གི་ཡིད་རྟོན་མངགས་བཅོལ་ཐེབས་རྩ་འགྲེམས་སྤེལ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རྨང་གཞིའི་སྒྲིག་ཆས་སོགས་ཀྱི་གསོག་འཇོག་རྒྱུ་ནོར་གང་འགབ་ཅི་སྤྱོད་བྱས་ནས། སྤྱི་ཚོགས་ཀྱི་མ་རྩ་གཏོང་བའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཕན་འབྲས་ལྡན་པའི་མ་དངུལ་གཏོང་བའི་ཁྱབ་རྒྱ་ཆེ་རུ་གཏོང་བ། སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་ཆུང་དུ་གཏོང་བ་བཅས་བྱེད་དགོས། ས་གནས་ལ་ཁྲིད་སྟོན་བྱས་ཏེ་ཡིད་རྟོན་བྱས་ཆོག་པའི་ལས་གཞི་ལ་བརྟེན་ནས་མིག་དཔེ་བསྟན་ནས། མ་དངུལ་གཏོང་བའི་ལས་རིམ་ཁྲོད་ཞུགས་མཁན་གྱི་ཁྲོམ་ར་སྣ་ཚོགས་ལ་ཕྱོགས་རིས་མེད་པའི་ལྟ་སྟངས་འཛིན་དགོས།

གྲོས་ཚོགས་ནས་བསྟན་དོན། ད་ལོའི་སློབ་ཆེན་མཐར་ཕྱིན་སློབ་མའི་ཁ་གྲངས་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མཐར་ཕྱིན་སློབ་མའི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ལས་ཞུགས་ལ་རོགས་སྐྱོར་གང་ལེགས་བྱེད་ཆེད། ད་ལོ་དང་ལོ་སྔོན་མའི་མཐར་ཕྱིན་སློབ་མས་ད་ལོར་སྟེར་དགོས་པའི་རྒྱལ་ཁབ་ཀྱི་རོགས་སྐྱོར་བསྐྱིས་དངུལ་གྱི་སྐྱེད་ཀ་མེད་པར་བཟོ་རྒྱུའི་གཏན་འབེབས་བྱས་པ་དང་། སྟེར་མི་དགོས་པའི་སྐྱེད་ཀ་ནོར་སྲིད་ཀྱིས་འགན་ལེན་བྱེད་རྒྱུ་ཡིན་ལ། སྐྱེད་ཀ་ཕུད་པའི་མ་དངུལ་ལོ་གཅིག་ཇེ་རིང་དུ་བཏང་ནས་བྱིན་ཆོག་པར་བཟོས་པས། སྲིད་ཇུས་དེས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ས་ཡ་བཞི་ལྷག་ཙམ་ལ་ཕན་པ་བསྐྲུན་ཡོད།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།