ཀྲུང་གོ་བོད་ཀྱི་དྲ་བ།

《ལོ་ངོ་བརྒྱ་ཡི་སྲིད་ཏང་ཆེན་པོའི་ལོ་རྒྱུས་དངོས་བྲིས》དཔེ་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྔར་བས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དུ་གཏོང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྔར་ལས་ལེགས་པའི་སྒོ་ནས་བེད་སྤྱད་དེ། བློ་གྲོས་འཕེལ་བ་དང་མཐུན་སྒྲིལ་བརྟན་པ། ཡིད་ཆེས་ཆེ་བ། བློ་སྟོབས་རྒྱས་པ་བཅས་བྱས་ཤིང་། མི་རྣམས་ཀྱིས་བློ་གཅིག་སེམས་གཅིག་དང་དཀའ་སྒྲུབ་དངོས་སྒྲུབ་ཀྱིས་ཞུམ་མེད་འབད་འཐབ་ཀྱིས་བགྲོད་ལམ་གསར་པར་འབད་པས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་བཞག་ཏེ། གྲུབ་འབྲས་རྨད་དུ་བྱུང་བར་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱ་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་རིགས་པའི་གཞུང་ལུགས་ཅུའུ་ཡིས་རྩ་འཛུགས་བྱས་ཏེ2022ལོའི་གོ་བདེ་རིགས་པའི་གཞུང་ལུགས་ཀློག་དེབ《ལོ་ངོ་བརྒྱ་ཡི་སྲིད་ཏང་ཆེན་པོའི་ལོ་རྒྱུས་དངོས་བྲིས》རྩོམ་སྒྲིག་བྱས་ཤིང་། མིག་སྔར་ཀློག་དེབ་དེ་སློབ་སྦྱོང་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་དུ་པར་སྐྲུན་བྱས།

ཤེས་གསལ་ལྟར་ན། “རིགས་གཞུང་ཚ་གནད་གླེང་བ”ཞེས་གོ་བདེ་བའི་རིགས་པའི་གཞུང་ལུགས་ཀྱི་ཀློག་དེབ2003ལོ་ནས་རྩོམ་སྒྲིག་བྱེད་མགོ་ཚུགས་ཤིང་། ལོ་རེར་དཔེ་དེབ་རེ་བཏོན་ཡོད། 《ལོ་ངོ་བརྒྱ་ཡི་སྲིད་ཏང་ཆེན་པོའི་ལོ་རྒྱུས་དངོས་བྲིས》ཞེས་པ་ནི་དེབ20པ་ཡིན། དེབ་འདིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཤིང་། 《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཐད་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་གྲོས་ཆོད》གཞིར་བཟུང་སྟེ། ཅིའི་ཕྱིར་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་སྐབས་སུ་རང་རེའི་ཏང་གིས་ལོ་རྒྱུས་ཀྱི་གྲོས་ཆོད་ཐེངས་གསུམ་པ་འཇོག་དགོས་པ་དང་། ཅིའི་ཕྱིར“གཏན་འཁེལ་གཉིས”ལ་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད་ཅེས་བརྗོད་པ། ཅིའི་ཕྱིར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འཕུར་མཆོང་གསར་པ་མངོན་འགྱུར་བྱུང་ཡོད་ཅེས་བརྗོད་པ་སོགས་གནད་དོན་གལ་ཆེན13གསལ་བཤད་བྱས་ཡོད། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་བློ་མཐུན་དང་རིགས་པའི་གཞུང་ལུགས་ལས་རིགས་ཀྱི་ཆེད་མཁས་པ་དང་མཁས་དབང་ཚོས་གནད་དོན་དེ་དག་ལ་དམིགས་ནས། ཞིབ་འཇུག་དང་གྲོས་བསྡུར་གཏིང་ཟབ་བྱས་པ་དང་། འཆར་ཟིན་གཅིག་བསྡུས་ཀྱིས་བཟོ་བཅོས་བྱས་པ། བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་བཅས་བྱས་ནས། ཕྱོགས་སོ་སོའི་བློ་གྲོས་གཅིག་ཏུ་བསྒྲིལ་བའི་རྨང་གཞིའི་སྟེང་མ་ཟིན་ལེགས་འགྲུབ་བྱུང་། 

གསར་འགོད་པས་ཤེས་གསལ་ལྟར་ན། དེབ་འདིའི་ནང“རིགས་གཞུང་ཚ་གནད་གླེང་བ”ཡི་གོ་བདེའི་རིགས་པའི་གཞུང་ལུགས་ཀློག་དེབ་ཀྱི་རྒྱུན་རྣམ་གྱི་ཁྱད་ཆོས་དང་རྩོམ་གཤིས་རྒྱུན་འཛིན་བྱས་ཤིང་། རིགས་པའི་གཞུང་ལུགས་འཆད་འགྲེལ་དང་། གནད་དོན་གྱི་འདུ་ཤེས། གསར་འགྱུར་མཐོང་ཕྱོགས། རྩོམ་རིག་སྐད་ཡིག་བཅས་ཀྱི་ཐད་ལ་བརྩོན་པ་ཆེན་པོ་བྱས་ཡོད་ལ། ལོ་བརྒྱའི་ཏང་གི་ལོ་རྒྱུས་ཀྱི་བརྗོད་བྱ་གཙོ་བོ་དང་ཟུང་འབྲེལ་བྱས་ནས་དམིགས་བསལ་གྱི་མཚོན་ཚུལ་བཏོད་ཡོད་དེ། ཆབ་སྲིད་ཀྱི་མཐོ་ཚད་དང་བསམ་བློའི་ཟབ་ཚད། ལོ་རྒྱུས་ཀྱི་མཐུག་ཚད། བརྩེ་བའི་གར་ཚད། ཆབ་སྲིད་ཀྱི་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། ཤེས་བྱའི་རང་བཞིན། ཀློག་ཆོག་པའི་རང་བཞིན་བཅས་གཞི་གཅིག་བསྡུས་ངང་མངོན་པར་མཚོན་ཡོད། དོན་ཟབ་ཀྱང་གོ་སླ་བ། གོ་བདེ་ཞིང་རྟོགས་ཟླ་བ། གླེང་བརྗོད་དང་གྲོད་བསྡུར་འདྲེས་པའི་ངང་ལྷུག་པར་བརྗོད་ནས། ཆེད་མཁས་པ་དང་མཁས་དབང་ཚོས་ལྟས་ན་དོན་ཉུང་དྲགས་པ་མིན་ལ། མང་ཚོགས་དཀྱུས་མས་ཀློག་ན་དོན་ཟབ་དྲགས་པའང་མིན་པར།  རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། ན་གཞོན་སློབ་མ་རྣམས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བའི་རམ་འདེགས་ཀློག་དེབ་གལ་ཆེན་ཞིག་ཏུ་བརྩིས་ཆོག །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།