ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཟླ་ལྔ་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ལང་ཚོའི་མངལ་དུ་རེ་བ་ཚད་མེད་སྦྲུམ་ཡོད་ཅིང་ན་གཞོན་རྣམས་ཀྱིས་མཛེས་པའི་འབྱུང་འགྱུར་བསྐྲུན་དགོས། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་རྣམས་ནི་འཚར་ལོངས་བྱུང་བ་དུས་སུ་འཁེལ་ཞིང་ཕྲག་སྟེང་དུ་འགན་འཁྲི་ལྕི་མོ་ཡོད་ལ། རང་ཉིད་ཀྱི་འཇོན་ཐང་ངོམ་སའི་གར་སྟེགས་སྔར་ལས་ཡངས་ཤིང་ཕུགས་འདུན་མངོན་འགྱུར་བྱེད་པའི་མདུན་ལྗོངས་སྔར་ལས་ཆེ། ཀྲུང་གོའི་ཕུགས་འདུན་འགྲུབ་པར་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་མཐུད་རྒྱུག་འགྲན་སྡུར་ཞིག་ཡིན་པས། དེང་རབས་ཀྱི་ན་གཞོན་ཚོས་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་གར་སྟེགས་སྟེང་དུ་ཀུན་གྱི་སྔོན་ལ་དཔའ་ངར་ཆེར་སྐྱེད་བྱེད་དགོས། གུང་གཞོན་ཚོགས་པས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུའི་རྩ་བའི་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། ཏང་གི་ཆེད་དུ་མི་གསོ་སྐྱོང་བྱེད་པ་དང་རང་རྟོགས་སྒོས་འགན་འཁྲི་འཁུར་བ། སེམས་པ་རྒྱ་ཆེའི་ན་གཞོན་ཚོ་དང་མཉམ་གནས་བྱེད་པ། རང་ཉིད་གསར་བརྗེ་བྱེད་ཕོད་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་ན་གཞོན་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕུགས་བསམ་ལྡན་ལ་འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་བར་མི་སྐྲག་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་ན་གཞོན་བཟང་བོ་རུ་འགྱུར་བར་འབད་འབུངས་བྱེད་རྒྱུ་དང་། ལང་ཚོའི་སྒུལ་ཤུགས་དང་གསར་གཏོད་བྱེད་ནུས་ལ་བརྟེན་ནས་མི་རིགས་བསྐྱར་དར་གྱི་དཔྱིད་ཀྱི་དཔལ་ཡོན་བསུས་ནས། ལང་ཚོའི་བློ་གྲོས་དང་རྔུལ་ཆུ་ལ་བརྟེན་ནས་སྔར་ལས་མཛེས་སྡུག་ལྡན་པའི་ཀྲུང་གོ་ཞིག་བསྐྲུན་གང་ཐུབ་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཚོགས་ཆེན་ལ་ཞུགས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་དོ་ཁུར་བྱེད་པའི་མིག་རྒྱང་ན་གཞོན་ཚོར་ཕྱོགས་པ་དང་གསར་བརྗེའི་རེ་བ་གཞོན་ནུ་ཚོར་བཅོལ་ཡོད། ལོ་བརྒྱའི་རིང་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། གུང་གཞོན་ཚོགས་པས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། ན་གཞོན་གྱི་མདུན་གྲལ་དུ་སྐྱོད་པ་དང་། མི་རབས་རེ་རེའི་ན་གཞོན་རྣམས་ཀྱི་དད་སེམས་ཇེ་བརྟན་དུ་གཏོང་བར་རྩ་འཛུགས་དང་སྣེ་ཁྲིད་གང་ལེགས་བྱས་ལ། ཏང་གི་རྗེས་སུ་དམ་པོར་འབྲངས་ཏེ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་ཕྱུག་འགྱུར། མི་དམངས་བདེ་སྐྱིད་བཅས་ཡོང་ཆེད་སྟོབས་ཤུགས་གང་ཡོད་སྐྱེས་སུ་ཕུལ་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་ཁྲོད་བློ་སྟོབས་ཆེར་བསྐྱེད་ཀྱིས་ལང་ཚོའི་ལེའུ་བརྩམས་ཡོད། ལོ་ངོ་བརྒྱ་ཡི་རིང་ལ།ཀྲུང་གོའི་གུང་གཞོན་ཚོགས་པས་ཐོག་མཐའ་བར་གསུམ་དུ་ཏང་དང་སེམས་པ་གཅིག་མཐུན་དང་ཏང་དང་མཉམ་དུ་འབད་འཐབ་བྱས་ནས། རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་ན་གཞོན་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གང་ལེགས་བྱས་ཏེ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་དུ་ངང་གིས་དྲངས་ནས། མི་རིགས་བསྐྱར་དར་གྱི་སྐྱོད་ལམ་སྟེང་ལང་ཚོའི་གཟི་དཔལ་ངོམ་པར་མ་ཟད། མདུན་དུ་སྐྱོད་ཀྱི་ལོ་རྒྱུས་དེབ་ཐེར་ཁྲོད་གཟི་མདངས་བསྣན་ཡོད། ལོ་རྒྱུས་དང་ལག་ལེན་གྱིས་ཀྲུང་གོ་གུང་གཞོན་ཚོགས་པ་ནི་ཀྲུང་གོའི་ན་གཞོན་ལས་འགུལ་གྱི་གདོང་ལེན་རུ་ཁག་རྣལ་མ་ཡིན་པ་དང་། ཏང་གི་ལྷག་བསམ་དཀར་བའི་ལག་རོགས་དང་བློ་གཏད་ཆོག་པའི་རྗེས་གྲབས་དམག་དཔུང་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ངོ་བརྒྱའི་རིང་ལ། གུང་གཞོན་ཚོགས་པས་ཕུགས་བསམ་བརྟན་པོ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཉམས་མྱོང་རྩ་ཆེན་བསགས་ཡོད།  ལོ་བརྒྱའི་སྐྱོད་ལམ་སྟེང་དུ། གུང་གཞོན་ཚོགས་པས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པའི་རང་སྟེང་གི་ལངས་ཕྱོགས་གཏན་ཁེལ་བྱས་ཡོད་ཅིང་། གུང་གཞོན་ཚོགས་པས་ཕུགས་བསམ་དང་དད་སེམས་བརྟན་སྲུང་བྱེད་པའི་ཆབ་སྲིད་ཀྱི་བླ་སྲོག་བསྐྲུན་པ་དང་། གུང་གཞོན་ཚོགས་པ་མི་རིགས་བསྐྱར་དར་ནང་ཞུགས་པའི་འབད་འབུངས་ཀྱི་སྟོབས་ཤུགས་བསགས་ལ། གུང་གཞོན་ཚོགས་པས་རྒྱ་ཆེའི་ན་གཞོན་ཁྲོད་རྐང་ཚུགས་ཐུབ་པར་བྱེད་པའི་གསོན་ཤུགས་ཀྱི་འབྱུང་ཁུངས་བསྐྲུན་ཡོད།  དེ་ནི་གུང་གཞོན་ཚོགས་པས་འབྱུང་འགྱུར་ལ་ཁ་ཕྱོགས་པ་དང་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་རྒྱུའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན།

ཞི་ཅིན་ཕིང་གིས་སྐྱོད་ལམ་གསར་པའི་སྟེང་དུ་གཞོན་རྣམས་ལ་སྔར་ལས་མཐུན་སྒྲིལ་ཡོང་བར་རྩ་འཛུགས་དང་སྐུལ་སློང་གང་ལེགས་བྱས་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་བྱ་རྒྱུ་ནི། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་ལས་འགུལ་དང་ན་གཞོན་ལས་དོན་གྱིས་ངེས་པར་དུ་ལན་འདེབས་དགོས་པའི་ཞིབ་འཇུག་བྱེད་ཡུལ་གལ་ཆེན་ཞིག་ཡིན་ཞེས་བསྟན།  ཞི་ཅིན་ཕིང་གིས་གུང་གཞོན་ཚོགས་པར་རེ་བ་བཞི་བཏོན་ཡོད་དེ། གཅིག་ནས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ན་གཞོན་གྱི་བསམ་བློ་ཡར་ཐོན་ལ་སྣེ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་སློབ་གྲྭ་ཞིག་ཏུ་འགྱུར་བར་བྱེད་དགོས། གཉིས་ནས་རང་རྟོགས་སྒོས་རང་འགན་གཙང་ལེན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ན་གཞོན་རྣམས་རྩ་འཛུགས་བྱས་ནས། དུས་གཏན་དུ་འབད་འཐབ་བྱེད་པའི་གདོང་ལེན་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས། གསུམ་ནས་སེམས་པ་རྒྱ་ཆེ་བའི་ན་གཞོན་རྣམས་དང་མཉམ་གནས་ཡོང་བར་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་གིས་ན་གཞོན་རྣམས་ལ་འབྲེལ་བ་བྱེད་པའི་ཟམ་པ་ལྟ་བུ་རུ་འགྱུར་བར་བྱེད་དགོས། བཞི་ནས་རང་ཉིད་གསར་བརྗེ་བྱེད་ཕོད་པར་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་གི་རྗེས་སུ་འབྲང་མཁན་གྱི་སྔོན་ཐོན་རྩ་འཛུགས་ཤིག་ཏུ་འགྱུར་བར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། གུང་གཞོན་ཚོགས་པའི་ལས་བྱེད་པས་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་བརྟན་པོ་འཛུགས་པ་དང་། ཕུགས་བསམ་རིང་ལུགས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་བསྐྲུན་དགོས། རང་རྟོགས་ཀྱི་སྒོ་ནས་མང་ཚོགས་ལམ་ཕྱོགས་ལག་ལེན་དང་མང་ཚོགས་ལྟ་བ་བརྟན་པོ་བཙུགས་ནས། རྒྱ་ཆེའི་ན་གཞོན་ཚོ་དང་གཞི་གཅིག་ཏུ་གནས་པར་བྱེད་པ་དང་། ན་གཞོན་གྲོགས་པོ་རུ་འགྱུར་བར་བྱེད་པ་ལས་ན་གཞོན་རྣམས་ཀྱི་དཔོན་པོ་མི་བྱེད་པ། ན་གཞོན་ཚོར་ཐབས་ཇུས་མང་ཙམ་འདོན་པ་དང་རང་ཉིད་ལ་ཐབས་ཇུས་ཉུང་ཙམ་འདོན་པ་བཅས་བྱེད་དགོས། འགན་འཁུར་ཕོད་པ་དང་དོན་དངོས་སྒྲུབ་པའི་ལས་ཀའི་སྤྱོད་ཚུལ་གསོ་སྐྱོང་བྱེད་དགོས་པ་ལས། སྟོང་བཤད་དང་བྱས་རྗེས་མེད་པའི་གཤིས་རྒྱུད་རིང་དུ་དོར་ནས། དཀའ་ཚེགས་ཆེ་བའི་ཁོར་ཡུག་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སོང་ནས། དཀའ་སྡུག་དང་དཀའ་ཁག ཉེན་ཁ་བཅས་ཅི་ཡོད་འཁུར་ཕོད་པར་བྱེད་པ་དང་། བདེན་པ་བདེན་ཐུབ་ཀྱིས་མི་ཚུལ་ལྡན་ཞིག་བྱེད་པ། ཏན་ཏན་ཏིག་ཏིག་གིས་བྱ་བ་སྒྲུབ་པ་བཅས་བྱེད་དགོས། སྤྱོད་གཙང་རང་གཅུན་གྱི་ཀུན་སྤྱོད་བློ་སྦྱོང་དང་སེམས་ལ་སྐྲག་ས་ཡོད་པ། གཏམ་ལ་བཀག་རྒྱ་ཡོད་པ། བྱ་སྤྱོད་ལ་ཚོད་འཛིན་ཡོད་པར་བྱེད་པ། རྒྱུན་ཆད་མེད་པར་སྙིང་རུས་སྦྱོང་བརྡར་དང་བློ་རྩ་བརྟན་པོ། རང་གཅུན་རང་སྡོམ་བཅས་བྱས་ནས་བློ་གཅིག་སེམས་གཅིག་གིས་སྤྱི་དོན་གཉེར་བ་དང་། སྤྱོད་ལམ་ཚུལ་དང་མཐུན་པ། བག་ཡོད་ཚུལ་ལྡན་བཅས་ཀྱི་མི་ཞིག་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྐྱོད་ལམ་སྟེང་དུ། ཀྲུང་གོ་གུང་ཁྲན་ཏང་ནི་གདོང་ལེན་རུ་ཁག་དང་གུང་གཞོན་ཚོགས་པ་ནི་འཕྲལ་རྒོལ་རུ་ཁག་ཡིན་ལ། ལོ་ཆུང་གདོང་ལེན་རུ་ཁག་ནི་གྲ་སྒྲིག་རུ་ཁག་ཡིན། ན་གཞོན་ཚོགས་པའི་ནང་ཞུགས་པ་དང་གུང་གཞོན་ཚོགས་པའི་ནང་ཞུགས་པ། ཏང་ནང་དུ་ཞུགས་པ་བཅས་ནི་ན་གཞོན་རྣམས་ཀྱིས་ཆབ་སྲིད་ཡར་ཐོན་དོན་གཉེར་བྱེད་པའི“མི་ཚེའི་རོལ་དབྱངས་ཁག་གསུམ”ཡིན།  གུང་གཞོན་ཚོགས་པས་ཚོགས་པ་ཡོངས་ཀྱི་རུ་འདྲེན་པའི་ཆབ་སྲིད་འགན་འཁྲི་ཡག་པོ་སྒྲུབ་པ་དང་། ལོ་ཆུང་གདོང་ལེན་པ་བཟང་པོ་གུང་གཞོན་ཚོགས་པའི་ནང་ཞུགས་རྒྱུ་དང་གུང་གཞོན་ཚོགས་མི་བཟང་པོ་ཏང་ནང་ཞུགས་རྒྱུའི་ལམ་སྲོལ་ཚད་ལྡན་ཅན་དུ་གཏོང་བ་དང་དེར་ཤུགས་བསྣན་ནས། ཏང་དང་། གུང་གཞོན་ཚོགས་པ། ན་ཆུང་གདོང་ལེན་རུ་ཁག་བཅས་ཀྱི་མི་སྣ་གསོ་སྐྱོང་གི་འབྲེལ་ཐག་ཕན་ཚུན་མཐུན་སྦྱོར་དང་ཕན་ཚུན་གེགས་མེད་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ན་གཞོན་ཏང་ཡོན་གསོ་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་། ཁྱད་པར་དུ་ཕུལ་བྱུང་གི་གུང་གཞོན་ཚོགས་པའི་ཚོགས་མིའི་ཁྲོད་ནས་ཏང་ཡོན་གསོ་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱས་ཏེ། གསར་བརྗེའི་རང་མདངས་དུས་ནམ་ཡང་མི་འགྱུར་བར་འགན་ལེན་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་སྤྲོ་སེམས་ཆེན་པོས་ན་གཞོན་འཚར་ལོངས་ཀྱི་ཆོས་ཉིད་དང་དུས་རབས་ཀྱི་ཁྱད་ཆོས་ལ་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ། སེམས་ནུས་ཡོད་རྒུ་རྩལ་དུ་བཏོན་ནས་གཞོན་ནུའི་ལས་དོན་དམ་འཛིན་གང་ལེགས་བྱས་ནས། ན་གཞོན་གྲོགས་པོ་ཚོའི་བློས་ཐུབ་པ་དང་ན་གཞོན་ལས་དོན་གྱི་བསམ་ཤེས་པ། ན་གཞོན་མང་ཚོགས་ཀྱི་རུ་འདྲེན་པ་བཅས་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་ལས་དོན་གྱིས་ན་གཞོན་ཚོགས་པའི་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་ལམ་ལུགས་དང་ལམ་སྲོལ་དོན་འཁྱོལ་གང་ལེགས་བྱས་ནས། གུང་གཞོན་ཚོགས་པའི་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དུས་རྟག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་རྒྱུ་དང་། གུང་གཞོན་ཚོགས་པའི་ལས་བྱེད་པར་སེམས་རྩ་དྲོན་མོའི་ངང་ནས་སེམས་ཁུར་དང་བླང་བྱ་ནན་མོ་བཏོན་ནས། གུང་གཞོན་ཚོགས་པས་མང་ཚོགས་ཚོགས་པའི་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་གཞིར་བཟུང་ནས་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་ངོས་ནས་བཤད་ན། ན་གཞོན་ཚོར་གཅེས་སྐྱོང་བྱེད་རིན་ཆེན་པོ་དང་རེ་སྒུག་བྱེད་རིན་གལ་ཆེན་ལྡན། ན་གཞོན་རྣམས་ནི་མ་ཡུམ་ས་གཞིའི་སྟེང་བདེ་ཐང་ངང་འཚར་ལོངས་བྱུང་བའི་སྡོང་ཕྲན་དང་འདྲ་བར། ནམ་ཞིག་ལ་དེ་ཉིད་སྡོང་བོ་ཆེན་པོ་ཞིག་ཏུ་གྱུར་ནས་གདུང་འདེགས་ཀྱི་ཀ་བ་ཉན་ཐུབ།  ན་གཞོན་རྣམས་ནི་ཞོགས་པའི་ཉི་གཞོན་དང་འདྲ་བར་མུ་མཐུད་དུ་ནུས་ཤུགས་གསོག་བཞིན་ཡོད་པས། ནམ་ཞིག་ལ་འོད་དང་ཚ་དྲོད་མ་ལུས་ས་གཞིའི་སྟེང་འཕོ་ངེས་པར་བརྟེན།  ཏང་དང་རྒྱལ་ཁབ་ཀྱི་རེ་བ་ཅི་ཡོད་ན་གཞོན་ཚོར་བཅོལ་ཡོད།

ཝང་ཧུའུ་ཉིང་གིས་ཚོགས་ཆེན་ལ་འགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། ལོ་ངོ་བརྒྱའི་རིང་གི་གུང་གཞོན་ཚོགས་པས་བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་ལང་ཚོའི་བརྒྱུད་རིམ་ལ་ཁྱོན་ཡོངས་ནས་ཕྱིར་དྲན་བྱས་པ་དང་། གུང་གཞོན་ཚོགས་པས་ཏང་གི་འགོ་ཁྲིད་འོག་ཏུ། གུང་གཞོན་ཚོགས་པ་དང་ན་གཞོན་མི་རབས་མང་པོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད། གུང་གཞོན་ཚོགས་པ་དང་ན་གཞོན་ལས་དོན་གྱི་ལོ་རྒྱུས་ཉམས་མྱོང་ལ་གསལ་བཤད་གཏིང་ཟབ་གནང་བ་ལས་གཞན། དུས་རབས་གསར་པའི་གུང་གཞོན་ཚོགས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པས། དེར་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། ང་ཚོས་དེར་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་དགོས།

གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧི་ཅུན་ཁི་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཁྲིན་ཀང་གཉིས་ཀྱིས་ཚོགས་ཆེན་སྟེང་གཏམ་བཤད།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཚོགས་ཆེན་ལ་ཞུགས།།

ཀྲུང་དབྱང་ཏང་སྲིད་དམག་དམངས་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་། རྒྱལ་སའི་ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་གུང་གཞོན་ཚོགས་པའི་ན་གཞོན་འཐུས་མི། ཀྲུང་གོ་རུ་སྡོད་པའི་རྒྱལ་ཁབ་ཁག་གཅིག་གི་གཞུང་ཚབ་པ་བཅས་ཁྱོན་བསྡོམས་མི་སྟོང་གཅིག་ཙམ་ཐེངས་འདིའི་ཚོགས་ཆེན་ལ་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།