ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་གྱི་གཞི་རྩ་ཧུར་ཐག་གིས་ཇེ་བརྟན་དུ་གཏོང་དགོས་ཞེས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5པའི་ཚེས9ཉིན་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བརྙན་འཕྲིན་དང་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་གཡོ་འགུལ་སྤུ་ཙམ་ཡང་མེད་པར“སྐབས་བསྟུན་གཙང་བཟོ”ཡི་སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་ཆེ་བའི་སྒོ་ནས་སྤྱི་འདོམས་བྱེད་པ་དང་།  ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་ཕྱི་དངུལ་བརྟན་པོ་ཡོང་བའི་ལས་དོན་ཏན་ཏིག་སྒྲུབ་ནས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་གྱི་གཞི་རྩ་བརྟན་པོ་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཧུའུ་ཁྲུན་ཧྭ་ཡིས་བཤད་རྒྱུར། ད་ལོ་ནི་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་ལས་དོན་གྱི་མགོ་བརྩམས་པ་སྤྱིར་ན་བརྟན་བརླིང་ཡིན་ཞིང་།  འོན་ཀྱང་ཕྱི་ནང་གཉིས་ཀྱི་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་ནས་ཕྱི་ཕྱོགས་ཚོང་དོན་གྱི་གནོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ་ཡོང་བར་འགྲན་སློང་མང་པོ་འཕྲད་ཡོད།  རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་གནས་བབ་ཀྱི་མདུན་དུ་ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་ཡིད་ཆེས་བརྟན་པོ་དང་ཚད་མཐོའི་མཐོང་ཆེན།  ཁ་གཏད་ཧུར་ཐག་འཇལ་བ་བཅས་བྱ་དགོས།  ཐབས་ཤེས་ཡོད་རྒུས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བརྟན་པོ་ཡོང་བར་བྱེད་པ་དང་།  ཁེ་ལས་ཀྱི་མངགས་ཐོ་འགན་ལེན་གྱི་ཁྲོམ་རའི་འགན་ལེན་ལ་རོགས་རམ་ཧུར་ཐག་བྱེད་པ།  ཕྱི་ཕྱོགས་ཚོང་དོན་ཟོག་འགྲེམས་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་པ། ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་སྦྲེལ་ཐག་འཐུས་ཚང་དང་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ།  ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བའི་ཁྲོད་སྒོ་དབྱེའི་ལས་སྟེགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་དེ་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་བཅས་བྱེད་དགོས།  ཕྱི་ཕྱོགས་མ་དངུལ་བརྟན་པོ་ཡོང་བའི་ལས་ཀར་སྔར་ལས་མཐོང་ཆེན་དང་ལེགས་པར་བསྒྲུབ་པ་དང་། ད་ཡོད་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་བརྟན་བརླིང་ཏན་ཏིག་བྱེད་པ།  ཚོང་འགུགས་མ་འདྲེན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་བཅས་བྱས་ནས་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་གྲུབ་ཚུལ་ལེགས་འགྱུར་ཤུགས་ཆེན་བྱ་དགོས།  ས་གནས་སོ་སོའི་དགེ་མཚན་འདོན་སྤེལ་དང་ལས་ཀ་ཧུར་ཐག་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་གི་ཕྱི་དངུལ་ཞབས་ཞུའི་འགན་སྲུང་ནང་རྐྱེན་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བ་དང་ཁེ་ལས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱ་དགོས་ཞེས་གསུང་།

ཧུའུ་ཁྲུན་ཧྭ་ཡིས་ནན་གྱིས་བསྟན་དོན།  འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མགྱོགས་མྱུར་བསྐྲུན་པར་དམིགས་ནས་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་བགྲོད་ཐུབ་རྒྱུར་ཤུགས་བསྣན་ཏེ།  ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། འཛད་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ནང་གི་དགོས་མཁོ་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཀྱིས་དཔལ་འབྱོར་འཁོར་རྒྱུག་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱ་དགོས། རྒྱལ་ནང་གི་ཚོང་དོན་ཟོག་འགྲེམས་ཤར་བགྲོད་ཐུབ་རྒྱུར་སྐུལ་འདེད་བཏང་ནས་ནང་མཁོ་རྒྱ་ཆེར་གཏོང་རྒྱུར་མཐུན་རྐྱེན་གཏོད་དགོས།  ཁེ་ལས་ཀྱི་ཕྱི་ཕྱོགས་ཚོང་དོན་གཞི་གཅིག་ཅན་གྱི་གཉེར་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་སྤྱི་འདོམས་བེད་སྤྱོད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།