ཝང་ཆི་ཧྲན་ཧན་གོའི་གསར་བསྐོས་ཙུང་ཐུང་དབྱི་ཞི་ཡའེ་ཡི་འགན་བཞེས་མཛད་སྒོར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས10ཉིན། ཧན་གོ་སྲིད་གཞུང་གི་གདན་ཞུས་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་ཚབ་བམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཧྲོ་ཨར་དུ་གསར་བསྐོས་ཙུང་ཐུང་དབྱི་ཞི་ཡའེ་ཡི་འགན་བཞེས་མཛད་སྒོར་ཞུགས་ནས་ཁོ་དང་མཇལ་འཛོམས་གནང་། 

ཟླ5པའི་ཚེས10ཉིན། ཧན་གོ་སྲིད་གཞུང་གི་གདན་ཞུས་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་ཚབ་བམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཧྲོ་ཨར་དུ་གསར་བསྐོས་ཙུང་ཐུང་དབྱི་ཞི་ཡའེ་ཡི་འགན་བཞེས་མཛད་སྒོར་ཞུགས་ནས་ཁོ་དང་མཇལ་འཛོམས་གནང་།  

ཝང་ཆི་ཧྲན་གྱིས་དང་ཐོག་དབྱི་ཞི་ཡའེ་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་། ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་ཧན་ནི་མཛའ་མཐུན་གྱི་ཁྱིམ་མཚེས་དང་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཞིག་ཡིན། ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཁྱོན་ཡོངས་ནས་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ཞིང་། ཐུན་མོང་གི་ཁེ་ཕན་སྔར་བས་ཇེ་མང་དུ་འགྲོ་བཞིན་ཡོད། མིག་སྔའི་འཛམ་གླིང་གི་འཕོ་འགྱུར་དང་དུས་རབས་རང་བཞིན་གྱི་རིམས་ནད་ཀྱི་རྒྱབ་ལྗོངས་འོག ཀྲུང་ཧན་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུ་དེ་ཕྱོགས་གཉིས་པོ་དང་ས་ཁུལ། ཐ་ན་གོ་ལ་ཧྲིལ་པོར་གལ་ཆེན་རང་བཞིན་སྔར་བས་མངོན་གསལ་ཡོད། ཀྲུང་གོས་ཧན་གོ་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་ཧན་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དུས་བསྟུན་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། 

ཝང་ཆི་ཧྲན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བསམ་འཆར་ལྔ་བཏོན། གཅིག་ནས་འཐབ་ཇུས་འབྲེལ་གཏུག་དང་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ཅིང་། ཕྱོགས་སོ་སོ་དང་རིམ་པ་སོ་སོའི་བར་གླེང་མོལ་དང་འབྲེལ་འདྲིས་སྔར་བས་དམ་ཟབ་ཏུ་གཏང་དགོས། གཉིས་ནས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། གཙོ་གནད་ཁྱབ་ཁོངས་དང་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་སྤུས་ཚད་དང་རིམ་སྤོར་ལ་སྐུལ་འདེད་གཏང་དགོས། གསུམ་ནས་ས་གནས་བར་ཐག་ཉེ་བ་དང་། རིག་གནས་འབྲེལ་མཐུད་ཡིན་པ། མི་མང་གི་བརྩེ་བ་ཟབ་པ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པ་དང་ཀྲུང་ཧན་རིག་གནས་འབྲེལ་འདྲིས་ལོ་གོ་སྐབས་སུ་བྱས་ནས། རྒྱལ་དམངས་ཀྱི་མཛའ་མཐུན་གཏིང་ཟབ་ཏུ་གཏོང་བར་ཕན་པའི་བྱེད་སྒོ་སྔར་བས་མང་བ་སྤེལ་རྒྱུའི་འཆར་འགོད་ལག་བསྟར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་རྒྱུན་མཐུད་ངང་དྲང་ནུས་བསྣན་དགོས། བཞི་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་བསྣན་ཏེ། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་མ་ལག་སྲུང་སྐྱོང་བྱ་རྒྱུར་གཞོལ་ནས། ས་ཁུལ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྔ་ནི་ཕྱེད་གླིང་ལས་དོན་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། ཚོར་སྣང་སྐྱེན་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས། ཀྲུང་གོས་ཕྱེད་གླིང་གི་ལྷོ་བྱང་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དང་། ཞི་བའི་མཐུན་འགྲིག་མཉམ་ལས་ལ་སྐུལ་འདེད་གཏོང་བར་ལྷག་བསམ་ཟོལ་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཧན་གོ་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་བསྣན་ནས་ཕྱེད་གླིང་དུ་ཉིང་རྡུལ་མེད་པ་དང་ཡུན་རིང་ཞི་བདེ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། 

དབྱི་ཞི་ཡའེ་ཡིས་ཝང་ཆི་ཧྲན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་ཞུས་ཤིང་།  ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར30སོང་རིང་། ཧན་ཀྲུང་འབྲེལ་བ་འཕེལ་རྒྱས་མྱུར་མོ་ཕྱིན་ཞིང་། རིམས་ནད་ཀྱི་ཁོར་ཡུག་འོག་ཕྱོགས་གཉིས་ཀྱི་ཚོང་དོན་ལ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཧན་གོ་སྲིད་གཞུང་གིས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པ་གོ་སྐབས་སུ་བྱས་ནས། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འཐབ་ཇུས་འབྲེལ་གཏུག་དང་རིམ་པ་སོ་སོའི་འགྲོ་འོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས། ཕྱོགས་གཉིས་པོའི་ཁྱབ་ཁོངས་སོ་སོའི་འབྲེལ་འདྲིས་དང་དངོས་སྒྲུབ་མཉམ་ལས་ལ་སྔར་བས་ཤུགས་སྣོན་པ་དང་། དམངས་ཁྲོད་ཀྱི་མཛའ་མཐུན་གཏིང་ཟབ་ཏུ་བཏང་ནས། ཧན་ཀྲུང་འབྲེལ་བའི་དུས་རབས་གསར་པ་གཏོད་བར་སྐུལ་འདེད་གཏོང་འདོད་ཡོད། ཧན་གོས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་བསྣན་ནས་ཕྱེད་གླིང་གི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་གཏང་འདོད་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།