ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཧི་རྒྱལ་ཡོངས་རང་སྐྲུན་སྡོད་ཁང་གི་བདེ་འཇགས་ཆེད་དོན་བཅོས་སྒྲིག་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལིའུ་ཧི་རྒྱལ་ཡོངས་རང་སྐྲུན་སྡོད་ཁང་གི་བདེ་འཇགས་ཆེད་དོན་བཅོས་སྒྲིག་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་ནས་དུས་ཐོག་ཏུ་མངོན་མེད་རྐྱེན་ངན་ཐག་གཅོད་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ལ་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་རང་སྐྲུན་སྡོད་ཁང་གི་བདེ་འཇགས་ཆེད་དོན་བཅོས་སྒྲིག་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཚོགས་འདུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཤིང་། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་ནས། ཧུའུ་ནན་ཁྲང་ཧྲ་ཡི་གྲོང་མིའི་རང་སྐྲུན་སྡོད་ཁང་བརྡིབས་པའི་ལས་འཛོལ་གྱི་བསླབ་བྱ་དང་ལེན་བྱས་ནས། རྒྱལ་ཡོངས་ཀྱི་རང་སྐྲུན་སྡོད་ཁང་གི་བདེ་འཇགས་ལ་ཆེད་དོན་བཅོས་སྒྲིག་བྱས་ཏེ། ཚབས་ཆེའི་དོན་རྐྱེན་བྱུང་བར་སྔོན་འགོག་བྱས་ནས་བྱ་སྤྱོད་དངོས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས་པའི་བླང་བྱ་བཏོན། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཧི་ཚོགས་འདུར་ཞུགས་ནས་ཆེད་དོན་བཅོས་སྒྲིག་ལས་དོན་ལ་བཀོད་སྒྲིག་བྱས་པ་དང་། རྒྱལ་སྲིད་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཡུང་གིས་ཚོགས་འདུ་མགོ་འཛིན་མཛད། རྒྱལ་སྲིད་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཁི་ཀྲི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་གཙོ་གནད་གཏམ་བཤད་བྱས། 

ཚོགས་འདུས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱས་ནས། ཧུའུ་ནན་ཁྲང་ཧྲ་ཡི་གྲོང་མིའི་རང་སྐྲུན་སྡོད་ཁང་བརྡིབས་པའི་དོན་རྐྱེན་གྱི་རྒྱུ་རྐྱེན་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ཁྲིམས་ལྟར་འབྲེལ་ཡོད་འགན་འཁུར་བར་ཐག་གཅོད་ནན་མོ་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཆེད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་པའི་བདེ་འཇགས་དང་འབྲེལ་བའི་རང་སྐྲུན་སྡོད་ཁང་བསྐྲུན་པར་གཙོ་གནད་ཐོག་བཅོས་སྒྲིག་བྱེད་དགོས། ཆེད་དོན་བཅོས་སྒྲིག་གི་མགོ་ཁྲིད་ལམ་སྲོལ་བཙུགས་ནས། ས་གནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཁོངས་གཏོགས་ས་ཆའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ། ལས་རིགས་དོ་དམ་སྡེ་ཁག་གིས་ལས་རིགས་ལ་དོ་དམ་བྱེད་དགོས་ལ་བདེ་འཇགས་ལའང་དོ་དམ་བྱེད་དགོས། ཁྱོན་ཡོངས་ནས་རིགས་དབྱེ་བཅོས་སྒྲིག་བྱེད་པ་དང་། དུད་ཚང་རེ་རེར་གྲལ་བཤེར་བྱེད་པ། “སྡོད་ཁང་རེར་བྱེད་ཐབས་རེ”ཡི་དག་ཐེར་བྱེད་དགོས། བཟོ་སྐྲུན་བདེ་འཇགས་ལ་ཉེན་ཁ་བཟོ་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། བདེ་འཇགས་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་དགོས། ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཇུས་འགོད་ཨར་ལས་ཀྱི་དཔུང་ཁག་དང་ཁང་པ་གསལ་འབྱེད་ལས་ཁུངས། ལས་ཞུགས་མི་སྣའི་ལྟ་སྐུལ་དོ་དམ་བཅས་ལ་ཤུགས་སྣོན་བྱེད་དགོས། 

ཚོགས་འདུས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོར་སྐུལ་འདེད་གཏོང་བར་དམ་འཛིན་བྱས་ཏེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་རང་འགུལ་ངང་གྲལ་བཤེར་བྱས་ནས་མེད་པ་བཟོ་བ་དང་། གྲོང་ཁྱེར་གྱི་མེ་སྐྱོན་འགོག་བཅོས་སོགས་ཀྱི་ལས་དོན་ལ་ཤུགས་བསྣན་ནས། ལས་འཛོལ་འབྱུང་མང་བའི་རྣམ་པ་མཐའ་གཅིག་ཏུ་འགྱུར་བཅོས་བྱེད་དགོས། བརྟན་ཐོག་གོང་འཕེལ་དང་ཁྱོན་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་དོན་ཁག་ཞིབ་ཚགས་དང་ཏན་ཏིག་ངང་སྒྲུབ་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།