ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་ལས་ཞུགས་བརྟན་བརླིང་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་ལས་ཞུགས་བརྟན་བརླིང་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། ཁྲོམ་རའི་གཙོ་གཞི་མང་པོར་རོགས་རམ་བྱས་ཏེ་ལས་གནས་བརྟན་བརླིང་དང་ལས་ཞུགས་ལས་གནས་རྒྱ་ཆེར་བཏང་ནས་ལོ་ཧྲིལ་པོའི་ལས་ཞུགས་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན། ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས7ཉིན། རྒྱལ་ཡོངས་ཀྱི་ལས་ཞུགས་བརྟན་བརླིང་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། ལས་ཞུགས་བརྟན་བརླིང་ཡོང་རྒྱུ་ནི་རྒྱ་ཆེའི་ཁྱིམ་ཚང་གི་འཚོ་བ་དང་འབྲེལ་ཞིང་། དཔལ་འབྱོར་ལུགས་མཐུན་འཁོར་སྐྱོད་བྱེད་པའི་འགག་རྩའི་འདེགས་སྐྱོར་ཞིག་ཡིན། མིག་སྔའི་ལས་ཞུགས་གནས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ལས་ཞུགས་སྔོན་འགྲོའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་བརྟན་བརླིང་དང་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་ཡོང་བར་བྱེད་དགོས། ཚོང་རའི་གཙོ་གཞི་དང་ལས་གནས་བརྟན་བརླིང་ཡོང་བར་བྱས་ན་འབྱུང་འགྱུར་ལ་རྒྱལ་ཁ་ཐོབ་ངེས། ལས་གནས་བརྟན་སྲུང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། ཁེ་ལས་ཀྱིས་རིམས་ནད་འགོག་སྡོམ་བྱེད་པའི་ཆ་རྐྱེན་འོག་ལས་མགོ་བསྐྱར་ཚུགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ལ། མགྱོགས་མྱུར་ངང་ཁྲལ་སློག་དང་ཁྲལ་རིན་གཉིས་གཅོག་སོགས་ཁུར་པོ་ཇེ་ཡང་དུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཁྲོམ་རའི་གཙོ་གཞི་མང་པོ་དང་ལྷག་པར་དུ་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས། སྒེར་གཉེར་བཟོ་ཚོང་དུད་ཚང་སོགས་དཀའ་གནད་ལས་སྒྲོལ་ནས་ལས་གནས་རྒྱུན་འཁྱོངས་ཐུབ་རྒྱུར་རོགས་རམ་བྱེད་དགོས། ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་ལས་ཞུགས་སྔར་བས་མང་བོར་སྐུལ་ཁྲིད་བྱེད་དགོས། ཧུར་ཐག་གིས་ལས་ཞུགས་ཀྱི་ལས་གནས་རྒྱ་སྐྱེད་གཏོང་བ་དང་། རྒྱུན་མཐུད་ངང“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། དམངས་ཀྱིས་ལས་གཏོད་དང་ཀུན་གྱིས་གསར་གཏོད་ཀྱི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་ཏེ། གྱོང་ཚབ་ལས་སྤྲོད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་དགོས། མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་བ་ཞོར་ལས་པ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་དང་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས་། དཀའ་ངལ་ཡོད་པའི་མི་སྣར་ལས་ཞུགས་རོགས་སྐྱོར་ཡག་པོ་བྱས་ཏེ། ལས་ཤོར་མི་སྣའི་གཞི་རྩའི་འཚོ་བར་འགན་ལེན་ཏན་ཏིག་བྱེད་དགོས། མུ་མཐུད་དུ་གཞི་ཁྱོན་ཆེ་བའི་ལས་རིགས་ཀྱི་ནུས་རྩལ་གསོ་སྦྱོང་སྤེལ་དགོས། ཕྱོགས་སོ་སོས་འགན་འཁྲི་ཇེ་ནན་དུ་བཏང་ནས། ས་གནས་སོ་སོས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ལོ་ཧྲིལ་པོའི་ལས་ཞུགས་དམིགས་ཚད་ལས་འགན་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱས་ནས། གཡོ་འགུལ་སྤུ་ཙམ་མེད་པར“འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ནུས་ཆེན་པོའི་སྒོ་ནས་སྤྱི་འདོམས་བྱེད་དགོས། ཏན་ཏན་ཏིག་ཏིག་སྒོས་མིག་སྔ་དང་དུས་མཚམས་རྗེས་མའི་ལས་ཞུགས་བརྟན་བརླིང་ཡོང་བའི་ལས་དོན་ཡག་པོ་བསྒྲུབ་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་དགོས། 

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། ད་ལོར་རང་རྒྱལ་གྱི་ལས་ཞུགས་བྱ་བ་སྤྱིའི་ཆ་ནས་མགོ་བརྟན་པོར་ཚུགས་པའི་གྲུབ་འབྲས་ལས་སླ་པོ་མིན། དེ་དང་ཆབས་ཅིག རྒྱལ་ཁབ་ཕྱི་ནང་གི་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་ནས་ལས་ཞུགས་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན་པ་མཐོང་དགོས་ལ། རྙོག་འཛིང་ཆེ་ཞིང་ཛ་དྲག་ཡིན་པའི་གནས་བབ་ཀྱི་མདུན་དུ་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་པ་དང་། ལས་ཞུགས་བརྟན་བརླིང་ཡོང་བར་སྔར་བཞིན་ཕན་ཡོད་ཀྱི་ཆ་རྐྱེན་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མི་ཉུང་བ་ཞིག་ཡོད་པར་ངོས་འཛིན་བྱས་ཏེ་ཚད་མཐོའི་མཐོང་ཆེན་དང་ཁ་གཏད་ཧུར་ཐག་བྱེད་དགོས། ལས་ཞུགས་སྔོན་འགྲོའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། རིམས་ནད་འགོག་སྡོམ་ནུས་ལྡན་བྱེད་པའི་དུས་མཚུངས་སུ་ལས་ཞུགས་ཀྱི་སྤྱི་ཡོངས་བརྟན་བརླིང་ཡོང་བར་བྱེད་དགོས། དཀའ་ངལ་ཡོད་པའི་ཁེ་ལས་ཀྱི་ལས་གནས་བརྟན་བརླིང་དང་དཀའ་ངལ་སེལ་བའི་རོགས་སྐྱོར་ལ་ཤུགས་བསྣན་ནས། ལས་ཞུགས་ཀྱི་བར་མཐོངས་གསར་པ་ཧུར་ཐག་གིས་རྒྱ་ཆེར་བཏང་སྟེ། ལས་གནས་བརྟན་བརླིང་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་རྩལ་ནུས་གསོ་སྦྱོང་གི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། 

ཧུའུ་ཁྲུན་ཧྭ་ཡིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་ལས་ཞུགས་བརྟན་བརླིང་ཡོང་བར་བྱ་རྒྱུ་དེ་མིག་སྔའི་ལས་འགན་དང་པོར་བརྩིས་ནས། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལས་ཞུགས་ཞབས་ཞུར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། ལས་ཞུགས་ཞབས་ཞུའི་སྟོབས་ཤུགས་སྣ་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་པ་དང་། ལས་ཞུགས་ཆ་འཕྲིན་གནད་སྨིན་ངང་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་བ་ཞོར་ལས་པ། ལྷག་པར་དུ་དབུལ་ཐར་ངལ་རྩོལ་ནུས་ཤུགས། གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མི་སྣ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་ཧུར་ཐག་གིས་འགན་ལེན་བྱས་ནས། ལས་ཤོར་མི་སྣའི་མཐའ་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། ལས་ཞུགས་ཀྱི་གནས་བབ་འཕེལ་རྒྱས་དང་འགྱུར་ལྡོག་ལ་རྗེས་འདེད་དམ་ཟབ་བྱས་ཏེ། མགོ་འབུས་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས། ངལ་རྩོལ་འབྲེལ་བ་སོགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་འགོག་ཟོན་དང་གཙང་སེལ་ནུས་ལྡན་བྱེད་དགོས། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།