ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཅ་ཁྲོ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོར་བདམས་ཐོན་བྱུང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པའི་འདེམས་བསྐོ་བྱས་པ་རེད། ལི་ཅ་ཁྲོ་ལ་འདེམས་ཤོག་ཧ་ཅང་མང་པོ་ཐོབ་ནས་ལས་ཐོག་དྲུག་པའི་སྲིད་འཛིན་དཔོན་ལ་བདམས་ཐོན་བྱུང་། 

ཉིན་དེའི་སྔ་དྲོའི་ཆུ་ཚོད9ནས་ཆུ་ཚོད11དང་སྐར་མ30བར། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་འདེམས་བསྐོ་ཨུ་ལྷན་གྱི་ཨུ་ཡོན་རྣམས་གཅིག་རྗེས་གཉིས་མཐུད་ངང་ཚོགས་འགྲེམས་ལྟེ་གནས་སུ་ཡོང་ནས། མི་རེས་འདེམས་ཤོག་རེའི་རྣམ་པའི་སྒོ་ནས་འོས་མི་ལི་ཅ་ཁྲོ་ལ་མིང་མི་འགོད་པའི་འདེམས་ཤོག་འཕངས། 

ཞང་ཀང་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་བཀོད་ཡིག་ཆ་དང་པོའི་ནང་གཏན་འབེབ་བྱས་དོན། སྲིད་འཛིན་མགོ་དཔོན་ནི་ཁྱབ་རྒྱ་ཆེ་ཞིང་ཚབ་མཚོན་རང་བཞིན་ལྡན་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གནས་ཚུལ་དངོས་དང་མཐུན་པ། སྤྱི་ཚོགས་སྤྱི་ཡོངས་ཀྱི་ཁེ་ཕན་མཚོན་པའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ནས་འདེམས་བསྐོ་བྱ་རྒྱུ་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བསྐོ་གཞག་བྱ་དགོས། 

ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་འདེམས་བསྐོ་དོ་དམ་ཨུ་ལྷན་དང་། འདེམས་བསྐོ་ཨུ་ལྷན། འོས་མི་དང་དེའི་ལས་ཚབ། སྨྱན་སྦྱོར། སྤྱི་དམངས་བཅས་ཀྱི་ལྟ་སྐུལ་འོག འདེམས་བསྐོ་དང་འདེམས་ཤོག་གྲངས་ལེན་གྱི་བྱ་བ་ཛ་དྲག་ཆེ་ཞིང་གོ་རིམ་ལྡན་པའི་ངང་སྤེལ། 

འདེམས་ཤོག་གྲངས་ལེན་གྱི་འབྲས་བུ་ལས་མངོན་པ་ལྟར་ན། ལི་ཅ་ཁྲོ་ལ་འདེམས་ཤོག1416ལྷག་གི་རྒྱབ་སྐྱོར་ཐོབ་ཅིང་། འདེམས་ཤོག་ཐོབ་ཚད99.16%ཟིན་ཡོད། 

ལི་ཅ་ཁྲོ་ཡིས་འདེམས་བསྐོའི་འབྲས་བུ་ཁྱབ་བསྒྲགས་བྱས་རྗེས། ཁོས་ལྷག་བསམ་རྣམ་དག་དང་བློ་བརྟན་འགྱུར་མེད་སྒོས་ཞང་ཀང་གི་གྲོང་མི་ཁྲི740ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། མཉམ་དུ་ཞང་ཀང་གི་ལེའུ་གསར་བ་རྩོམ་རྒྱུ་རེད། 

ལི་ཅ་ཁྲོ་ཡིས་འདེམས་བསྐོའི་ཆབ་སྲིད་རྩ་འཛིན་ནང“སྲིད་གཞུང་གི་བཅོས་སྒྲིག་ནུས་པ་ཆེ་རུ་བཏང་ནས་མཐུན་སྒྲིལ་གཅིག་གྱུར་གྱིས་དམངས་ཀྱི་ཆེད་དུ་དཀའ་ཁག་སེལ་དགོས”ཞེས་ནན་བཤད་བྱས་ཡོད། ཁོས་བསྟན་དོན། འབྱུང་འགྱུར་གྱི་སྲིད་སྐྱོང་ཁྲོད་གྲུབ་འབྲས་དམིགས་ཚད་དུ་བྱས་ཏེ་སྡོད་མིའི་ཆེད་དུ་བྱ་བ་སྒྲུབ་པ་དང་བྱ་བ་སྒྲུབ་ཐུབ་པའི་སྲིད་གཞུང་ཞིག་བསྐྲུན་ནས། ཞང་ཀང་གི་འགྲན་རྩོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་ཞང་ཀང་འཕེལ་རྒྱས་ཀྱི་རྨང་རྡོ་བརྟན་པོ་ཞིག་འདིང་རྒྱུ་ཡིན། 

ཞང་ཀང་དམིགས་བསལ་སྲིད་འཛིནས་ཁུལ་གྱི་སྲིད་འཛིན་དཔོན་པོ་དྲུག་པའི་འགན་འཛིན་ཡུན་ཚད་ནི2022ལོའི་ཟླ7པའི་ཚེས1ཉིན་ནས2027ལོའི་ཟླ6པའི་ཚེས30ཉིན་བར་ཡིན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།