ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་གཞོན་པས་བཅར་འདྲི་དང་ལེན་བྱེད་སྐབས་དངུལ་ལོར་སྲིད་ཇུས་བརྟན་པོ་ལག་བསྟར་བྱས་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བརྟན་པོ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དུས་ཚིགས་དང་པོའི་ནང་དུ། དངུལ་ལོར་གྱི་སྲིད་ཇུས་བརྟན་པོས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བ་དང་། དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། དངུལ་ལོར་གྱི་སྲིད་ཇུས་ཀྱིས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ། ཚོང་རའི་གྲུབ་ཆ་གཙོ་བོའི་དཀའ་ངལ་སེལ་ནས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་ཇི་ལྟར་བྱེད་དགོས་སམ། གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་གི་ཏང་ཨུའི་ཨུ་ཡོན། ཧང་ཀྲང་གཞོན་པ་ཁྲིན་ཡུས་ལུའུ་ལ་ཆེད་དོན་བཅར་འདྲི་བྱས།

ད་ལོ་ནས་བཟུང་། མི་དམངས་དངུལ་ཁང་གིས་སྔོན་ལ་བཀོད་སྒྲིག་དང་སྔོན་ལ་ཤུགས་འདོན་པ། བརྟན་ཞིང་བདེ་ཐང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཁོག་དཔལ་འབྱོར་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས། ཕྱོགས་ཡོངས་ནས་འཁོར་རྒྱུག་རང་བཞིན་གྱི་མ་དངུལ་གཏོང་ཤུགས་གནད་དུ་འཁེལ་བའི་སྒོ་ནས་ཇེ་ཆེར་བཏང་བ་དང་། དངུལ་བུན་ཁྲོམ་ར་ཡི་སྐྱེད་ཀའི་ཚད་ཇེ་དམའ་རུ་འགྲོ་བར་མུ་མཐུད་ཁྲིད་སྟོན་བྱས་ཏེ། དུས་ཚིགས་དང་པོའི་ནང་དུ། ཁེ་ལས་ཀྱི་དངུལ་བུན་སྐྱེད་ཀའི་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་སུམ་བདུན་བར་ལྷུང་བ་དང་། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མ་རྩ་བརྟན་པོའི་ངང་མར་ལྷུང་བ། དངུལ་བུན་བསྐྱར་མ་གཏོང་བ་སོགས་གྲུབ་ཚུལ་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་བེད་སྤྱོད་ལེགས་པོ་བྱས་ཏེ། ཁྱབ་ཁོངས་གཙོ་བོ་དང་ལྷུ་ཚིགས་ཞན་སར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་།

ཁྲིན་ཡུས་ལུའུ་ཡིས་བཤད་རྒྱུར། ད་ལོར། མི་དམངས་དངུལ་ཁང་གིས་ད་དུང་དམིགས་བསལ་གྱི་བྱེད་ཐབས་ཤིག་སྤྱད་དེ། ཁྲིམས་ལྟར་སྒོར་དུང་ཕྱུར་ཁྲི་གཅིག་ལས་བརྒལ་བའི་བསྡོམས་རྩིས་ཁེ་ཕོགས་གོང་འབུལ་ཞུས་ནས། ནོར་སྲིད་ཀྱི་འགྲོ་སྒོ་བཏང་རྗེས་གཞི་རིམ་དང་ཐད་ཀར་ཁྲོམ་ར་གཙོ་བོའི་ཕྱོགས་སུ་གཏོང་རྒྱུ་དང་། སྔོན་དཔག་བྱས་ན་ལོ་ཧྲིལ་པོའི་ཁྱབ་རྒྱ་ཆེ་བའི་དངུལ་ལོར་འཕར་ཚད་བརྒྱ་ཆའི་ཐིག་དང་གྲངས་ཆུང་ལྔ་ཙམ་ཡིན་ངེས་ཟེར།

རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་དང་ཁེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་དཀའ་ངལ་སྔར་ལས་ཇེ་མང་དུ་ཕྱིན་པ་དང་གནོན་ཤུགས་ཀྱང་དེ་བསྟུན་ཆེ་རུ་ཕྱིན་ཡོད། ཁྲིན་ཡུས་ལུའུ་ཡིས་བཤད་རྒྱུར། མི་དམངས་དངུལ་ཁང་དང་ཕྱི་དངུལ་ཅུའུ་ཡིས་ཉེ་ལམ། དངུལ་རྩའི་རོགས་སྐྱོར་ཁེ་ལས་ཀྱི་དཀའ་ངལ་སེལ་བར་དམིགས་ཏེ་བྱེད་ཐབས་ཁག་ཉེར་གསུམ་བཏོན་ནས་སྲིད་ཇུས་ཀྱི་ཕན་འབྲས་རིམ་པར་ཐོན་བཞིན་ཡོད། ཉེ་ལམ། མི་དམངས་དངུལ་ཁང་གིས་ད་དུང་དངུལ་རྩའི་རྒྱབ་སྐྱོར་བྱེད་ཐབས་གསར་པ་ཁག་ལ་མུ་མཐུད་ཞིབ་འཇུག་ཇུས་འགོད་བྱས་ནས། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་བཅས་དཀའ་ངལ་ལས་སྒྲོལ་རོགས་བྱས་ཡོད་ཟེར།

མི་དམངས་དངུལ་ཁང་གིས་མ་འོངས་པར་མུ་མཐུད་དུ་དངུལ་ཁང་གི་རྒྱུན་མཐུད་བུ་ལོན་འགྲེམས་སྤེལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དངུལ་ཁང་གི་ཡིད་རྟོན་དངུལ་བུན་གཏོང་ནུས་ཆེ་རུ་གཏོང་རྒྱུ་དང་། དངུལ་རྩའི་སྒྲིག་གཞིས་གྲོན་དངུལ་བསྡུ་བ་དང་། ཁེ་ལས་ལ་ཕན་པ་དང་དམངས་ལ་ཕན་པ་འདོགས་རྒྱུ་མུ་མཐུད་ཇེ་མང་དུ་གཏོང་བར་སྐུལ་འདེད་གཏོང་བ། དངུལ་རྩའི་སྒྲིག་གཞིས་དངོས་ཕུང་དཔལ་འབྱོར་ལ་ལུགས་དང་མཐུན་པའི་སྒོ་ནས་ཁེ་ཕན་སྤྲོད་པར་སྐུལ་སྤེལ་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།