ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས7ཉིན། རྒྱལ་ཡོངས་ཀྱི་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ལས་ཞུགས་བརྟན་པོ་ཡོང་བར་བྱ་རྒྱུ་ནི་རྒྱ་ཆེའི་ཁྱིམ་ཚང་གི་འཚོ་བ་དང་འབྲེལ་བ་ཡོད་ལ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་པར་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། མིག་སྔའི་ལས་ཞུགས་གནས་བབ་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་དབང་གིས། ས་གནས་དང་སྡེ་ཁག་སོ་སོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་རྒྱུ་དང་། ལས་ཞུགས་སྔོན་ལ་འཛིན་པའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་དང་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཡོང་བར་སྲུང་འཛིན་གང་ལེགས་བཅས་བྱེད་དགོས། ཁྲོམ་ར་གཙོ་བོས་ལས་གནས་བརྟན་པོ་ཡོང་བར་སྒོ་ཀུན་ནས་འབད་པ་བྱས་པ་ཡིན་ན། གཞི་ནས་མ་འོངས་པའི་ནང་རྒྱལ་ཁ་ཐོབ་ངེས་པས། ལས་གནས་ཇེ་བརྟན་དུ་གཏོང་བའི་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། རིམས་ནད་འགོག་སྡོམ་གྱི་ཆ་རྐྱེན་འོག་ཏུ། ཁེ་ལས་ཀྱིས་བསྐྱར་དུ་ལས་ཐོན་སླར་གསོ་བྱེད་པ་དང་། དཔྱ་ཁྲལ་ཕྱིར་སློག་པ་དང་དཔྱ་ཁྲལ་ཇེ་ཡང་དུ་གཏོང་བ། རིན་གོང་ཇེ་དམའ་རུ་གཏོང་བ་སོགས་ཀྱི་ཁུར་པོ་སྔར་ལས་ཇེ་ཡང་དུ་གཏོང་རྒྱུ་དང་། དཀའ་ངལ་སེལ་བར་དམིགས་ཏེ་བཏོན་པའི་སྲིད་ཇུས་ཁག་དོན་འཁྱོལ་གང་མགྱོགས་བྱས་ནས། ཁྲོམ་ར་གཙོ་བོ་དང་ཁྱད་པར་དུ་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་དང་སྒེར་ཚོང་གཉེར་མཁན་བཅས་དཀའ་གནད་ལས་སྒྲོལ་རོགས་བྱས་ཏེ། ལས་གནས་སོར་འཇོག་ཐུབ་རྒྱུར་རོགས་རམ་བྱེད་དགོས། ལས་སྟེགས་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ལས་ཞུགས་སྔར་ལས་མང་བར་སྐུལ་ཁྲིད་བྱེད་དགོས། ལས་ཞུགས་ལས་གནས་ཧུར་ཐག་གིས་རྒྱ་བསྐྱེད་ནས། དབང་གཏོང་དང་དོ་དམ། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ནན་མོ་བྱེད་པ། རྒུད་གསབ་ལས་སྤྲོད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱེད་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་པ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་སྤེལ་དང་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་དང་། དཀའ་ངལ་ཡོད་མཁན་གྱི་ལས་ཞུགས་རོགས་སྐྱོར་ཡག་པོ་བྱས་ཏེ། ལས་ཤོར་མི་སྣའི་གཞི་རྩའི་འཚོ་བར་འགན་སྲུང་ནན་མོ་བྱེད་དགོས། གཞི་ཁྱོན་ཆེ་བའི་ལས་རིགས་ཀྱི་ནུས་རྩལ་གསོ་སྦྱོང་མུ་མཐུད་སྤེལ་དགོས། ཕྱོགས་སོ་སོས་འགན་འཁྲི་ཏན་ཏིག་ངང་འཁུར་ནས། ས་གནས་སོ་སོས་གསར་གཏོད་རང་བཞིན་གྱི་སྒོ་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ། ལོ་ཧྲིལ་པོའི་ལས་ཞུགས་དམིགས་འབེན་ལས་འགན་ཡོངས་འགྲུབ་ཐུབ་པར་འགན་ལེན་བྱས་ནས། བསམ་སྦྱོར་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་ནས་གཏམ་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།