ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《རྫོང་མཁར་གཞི་རྟེན་གཙོ་བོར་བཟུང་ནས་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་སྔོན《རྫོང་མཁར་གཞི་རྟེན་གཙོ་བོར་བཟུང་ནས་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》འགྲེམ་སྤེལ་བྱས་པ་དང་། བརྡ་ཐོ་བཏང་སྟེ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ནན་ཏན་གྱིས་ལག་ལེན་དངོས་འབེབས་བྱེད་དགོས་པའི་རེ་བ་བཏོན། 

བསམ་འཆར་ལས་བསྟན་དོན། མི་སྲོག་ཤིང་དུ་བྱས་ནས་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། རྫོང་མཁར་གྱི་མི་གྲངས་འཁོར་རྒྱུག་འགྱུར་ལྡོག་གི་གནས་བབ་དང་བསྟུན་དགོས་ལ། ཆ་རྐྱེན་བཟང་བའི་རྫོང་མཁར་སྐོར་ཞིག་དཔེ་སྟོན་ས་ཁུལ་དུ་བྱས་ཤིང་གནད་སའི་འཕེལ་རྒྱས་ས་ཁུལ་དུ་གདམ་གསེས་བྱས་ནས། མི་གྲངས་འཁོར་རྒྱུག་དོ་མཉམ་མིན་པའི་རྫོང་མཁར་འོལ་ཚོད་ཀྱིས་འཛུགས་སྐྲུན་བྱེད་པར་སྔོན་འགོག་བྱེད་དགོས། ཚོང་རའི་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཐག་གཅོད་རང་བཞིན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱས་ཏེ། རྫོང་མཁར་རྨང་གཞིར་བྱས་ནས་མཁར་གྲོང་གི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལ། རྨོ་ཞིང་དང་དུས་གཏན་གྱི་གཞི་རྩའི་ཞིང་ས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་མཐའི་ཚད་ཐིག ལོ་རྒྱུས་རིག་གནས་ཀྱི་རྒྱུན་སྲུང་བ་བཅས་དངོས་འབེབས་ནན་མོ་བྱེད་དགོས་པ་དང་། གང་འདོད་དུ་བཤིག་ནས་འཛུགས་སྐྲུན་བྱེད་པར་སྔོན་འགོག་བྱེད་དགོས། རྫོང་བསྐྱུར་ནས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཚོད་འཛིན་ནན་མོ་བྱས་ཏེ་ས་གནས་སྲིད་གཞུང་གི་དངུལ་བུན་ཉེན་ཁར་དོགས་ཟོན་བྱེད་དགོས་ཟེར། 

བསམ་འཆར་ལས་བསྟན་དོན། ཉིས་སྟོང་ཉེར་ལྔ་ལོའི་བར། རྫོང་མཁར་གཞི་རྟེན་གཙོ་བོར་བྱས་ཏེ་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཅིང་། རྫོང་མཁར་གྱི་མི་འདང་ས་དང་ཞན་ཆ་ཡོ་བསྲང་བྱས་ཐོག ཡུལ་བབ་ཁྱད་སྟོབས་དང་ཐོན་ལས་རྨང་གཞི། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ཅུང་བཟང་བ། གཅིག་འདུས་མི་གྲངས་ཀྱི་དཔལ་འབྱོར་ཆ་རྐྱེན་ཅུང་བཟང་བའི་རྫོང་མཁར་སྐོར་ཞིག་གི་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། སྤྱི་བའི་ཐོན་ཁུངས་བཀོད་སྒྲིག་དང་རྒྱུན་སྡོད་མི་གྲངས་ཀྱི་གཞི་རྒྱ་ཕལ་ཆེར་ཆ་སྙོམས་ཡིན་ཞིང་། ཁྱད་ལྡན་ཐོན་ལས་དར་རྒྱས་འཕེལ་རྒྱས་སུ་སོང་བ་དང་། གྲོང་སྲིད་སྒྲིག་ཆས་ཕལ་ཆེར་འཐུས་ཚང་ཡིན་ལ། ཞིང་བ་ནས་རྫོང་མཁར་དུ་ལས་ཞུགས་དང་ཁྱིམ་གཞིས་སྤར་བའི་གཞི་རྒྱ་སྔར་ལས་ཇེ་ཆེར་སོང་སྟེ། རྫོང་མཁར་སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་མངོན་གསལ་གྱིས་ལེགས་བཅོས་ཐོབ་ཡོད། དུས་རིམ་ངེས་ཅན་ཞིག་ལ་ཡང་བསྐྱར་འབད་བརྩོན་བྱས་ན། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རང་རང་གི་ཁྱད་ཆོས་ལྡན་ཞིང་གསོན་ཤུགས་རྒྱས་ལ། བདེ་སྡོད་ལས་སྐྲུན་ལ་འཚམ་པའི་དེང་རབས་ཅན་གྱི་རྫོང་མཁར་ཕལ་ཆེར་གྲུབ་ནས། ཉེ་འཁོར་གྱི་གྲོང་ཁྱེར་ཆེ་འབྲིང་བར་གྱི་འཕེལ་རྒྱས་བར་ཁྱད་མངོན་གསལ་གྱིས་ཇེ་ཉུང་དུ་འགྲོ་སྲིད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།