ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“4·29”དོན་རྐྱེན་བརྟག་དཔྱད་ཚན་ཆུང་བཙུགས་པ་མ་ཟད་ཧུའུ་ནན་ཁྲང་ཧྲ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5པའི་ཚེས6ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་།  རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྟག་དཔྱད་ཚན་ཆུང་བཙུགས་ནས་ཧུའུ་ནན་ཁྲང་ཧྲ་ཡི“4·29”གྲོང་མིས་རང་གིས་སྐྲུན་པའི་ཁང་པ་བརྡིབས་པའི་དམིགས་བསལ་གྱི་དོན་རྐྱེན་ཚབས་ཆེན་ལ་བརྟག་དཔྱད་བྱ་རྒྱུའི་གཏན་འབེབས་བྱས།

ཟླ5པའི་ཚེས6ཉིན། བརྟག་དཔྱད་ཚན་ཆུང་གིས་ཧུའུ་ནན་ཁྲང་ཧྲ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས། བརྟག་དཔྱད་བཀོད་སྒྲིག་གི་བརྡ་ཁྱབ་བཏང་བ་དང་བྱ་བའི་བླང་བྱ་བཏོན།  ཚོགས་འདུའི་ཐོག་བསྟན་དོན། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱིས་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། བརྟག་དཔྱད་བྱ་བ་གཏིང་ཟབ་དང་ཞིབ་ཚགས་ངང་ཡག་པོ་སྒྲུབ་དགོས། རྒྱུ་རྐྱེན་རྩད་ཞིབ་ནན་མོ་དང་བསླབ་བྱ་ཕྱོགས་བསྡོམས། རྒྱལ་ཡོངས་ལ་ཉེན་བརྡ་གཏོང་བ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། དོན་རྐྱེན་བྱུང་བའི་བརྒྱུད་རིམ་ཇི་མ་ཇི་བཞིན་མངོན་པར་བྱེད་པ་དང་། དོན་རྐྱེན་དེར་དབྱེ་ཞིབ་གཏིང་ཟབ་བྱེད་པ། རང་སྐྲུན་ཁང་པའི་ཁྱབ་ཁོངས་ནང་གནས་པའི་གནད་དོན་མངོན་གསལ་དོད་པོར་དབྱེ་ཞིབ་བྱེད་པ་བཅས་ཀྱིས། དེ་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱ་རྒྱུར་དམིགས་ནས་སྤྱོད་གོ་ཆོད་པའི་བྱེད་ཐབས་དང་གྲོས་འགོ་འདོན་དགོས་པ་བསྟན་ཡོད།

ཚོགས་འདུའི་ཐོག“ཚན་རིག་དང་མཐུན་པའི་གཟབ་ནན་དང་།  ཁྲིམས་དང་སྒྲིག་སྲོལ་ལ་བསྟུན་པ།  དངོས་ཐོག་བདེན་འཚོལ་བྱེད་པ། ཕན་འབྲས་དངོས་ལ་མཐོང་ཆེན་བྱེད་པ”བཅས་དང“དོན་རྐྱེན་གྱི་རྒྱུ་རྐྱེན་ཞིབ་བཤེར་གསལ་བོ་མ་བྱས་པར་ལྷོད་གཡེང་མི་གཏོང་བ་དང་། འགན་འཁྲི་འཁུར་མཁན་གྱིས་ཐག་གཅོད་ཡག་པོ་མ་བྱས་པར་ལྷོད་གཡེང་མི་གཏོང་བ། དག་ཐེར་བྱེད་ཐབས་དོན་འཁྱོལ་མ་བྱས་པར་ལྷོད་གཡེང་མི་གཏོང་བ།  འབྲེལ་ཡོད་མི་སྣར་སློབ་གསོ་གཏོང་བར་ལྷོད་གཡེང་མི་གཏོང་བ”བཅས་ཀྱི་རྩ་དོན་གཞིར་བཟུང་། བརྟག་དཔྱད་ལས་དོན་སྤེལ་ནས་དོན་དངོས་གསལ་པོ་ཤེས་པར་བྱེད་པ་དང་། གནད་དོན་གསལ་པོ་ཤེས་པར་བྱེད་པ། འགན་འཁྲི་གསལ་པོ་བཟོ་བ་བཅས་བྱས་ཏེ་ཁྱོན་ཡོངས་ནས་དོན་དངོས་དང་མཐུན་པའི་སྒོ་ནས་འགན་འཁྲི་གཏན་འཁེལ་བྱེད་པ་དང་། དངོས་ཐོག་བདེན་འཚོལ་གྱིས་ཐག་གཅོད་ཀྱི་གྲོས་འགོ་འདོན་པ། སྒྲིག་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ཏེ། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མི་དང་སྤྱི་ཚོགས་ཡོངས་ལ་འགན་འཁྲི་འཁུར་བའི་གསལ་བཤད་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་མི་དམངས་བཅས་ཀྱི་རེ་བ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་ནན་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་བརྟག་དཔྱད་ཚན་ཆུང་ནི་འཕྲལ་སྡོམ་དོ་དམ་པུའུ་ཡིས་སྣེ་ཁྲིད་དེ། འབྲེལ་ཡོད་ཕྱོགས་ཀྱིས་དེའི་ནང་ཞུགས་པ་དང་ཆབས་ཅིག་ཨར་སྐྲུན་དང་བདེ་འཇགས། བཅའ་ཁྲིམས་སོགས་ཐད་ཀྱི་དབང་གྲགས་ལྡན་པའི་ཆེད་མཁས་པ་གདན་དྲངས་ནས་ཚན་ཆུང་གྲུབ་སྟེ་བརྟག་དཔྱད་ལས་དོན་ལ་ཆེད་ལས་ཀྱི་འདེགས་སྐྱོར་བྱས།

ཚོགས་འདུ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་བརྟག་དཔྱད་ཚན་ཆུང་གི་ཙུའུ་ཀྲང་ངམ་འཕྲལ་སྡོམ་དོ་དམ་པུའུ་ཡི་པུའུ་ཀྲང་ཧོང་མིང་གིས་མགོ་འཛིན་གནང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་བརྟག་དཔྱད་ཚན་ཆུང་གི་ཁོངས་མི་ཡོངས་དང་ཆེད་མཁས་པའི་ཚན་ཆུང་གི་ཁོངས་མི། ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན།  ཧུའུ་ནན་ཞིང་ཆེན་དང་ཁྲང་ཧྲ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།