དུས་ཚིགས་དང་པོར་ས་གནས་སོ་སོས་ཞིང་སྡེའི་ཆུ་འདོན་ལས་གཞིའི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར154ལེགས་འགྲུབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཆུ་བེད་པུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ3པའི་བར། ས་གནས་སོ་སོས་ཞིང་སྡེའི་ཆུ་འདོན་ལས་གཞིའི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར154ལེགས་འགྲུབ་བྱས་ཏེ། ཞིང་སྡེའི་མི་འབོར་ཁྲི429ཡི་ཆུ་འདོན་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་། ཚོད་རྩིས་ལྟར་ན་ད་ལོའི་ལོ་མཇུག་བར་དུ། ཞིང་སྡེའི་རང་འབབ་ཆུ་ཁྱབ་གདལ་དུ་གཏོང་ཚད85%ལ་བསླེབ་རྒྱུ་ཡིན་པ་དང་། གཞི་ཁྱོན་ཅན་གྱི་ཆུ་འདོན་ལས་གཞིས་ཞིང་སྡེའི་མི་འབོར་ལ་ཁེབས་པའི་བསྡུར་ཚད54%ལ་བསླེབ་རྩིས་ཡོད།

ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཆུ་བེད་པུའུ་ཡིས་ནོར་སྲིད་པུའུ་སོགས་དང་མཉམ་དུ། དབུལ་ཐར་ས་ཁུལ་གྱིས་གྲོང་གསེབ་དར་སྤེལ་གཏོང་བའི་འབྲེལ་མཐུད་མ་དངུལ་བེད་སྤྱོད་གང་ལེགས་བྱས་ཏེ། ཞིང་སྡེའི་ཆུ་འདོན་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས། ས་གནས་སོ་སོས་ཆུ་བེད་སྡེ་ཚན་ལ་དུས་འགོའི་ལས་དོན་དང་སྡེ་ཚན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་ནས། ཞིང་སྡེའི་ཆུ་འདོན་ལས་གཞིའི་འཛུགས་སྐྲུན་རྣམ་གྲངས་དེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་གཏོང་བའི་རྣམ་གྲངས་མཛོད་ནང་བཅུག་ནས། སྔོན་ལ་བཀོད་སྒྲིག་དང་ལག་བསྟར་བྱས་ཏེ་ཞིང་སྡེའི་ཆུ་མཁོ་འདོན་སྒྲིག་ཆས་ཀྱི་ཞན་ཆ་མགྱོགས་མྱུར་ངང་གསབ་པར་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན། ཆུ་བེད་སྡེ་ཁག་གིས་ས་གནས་ཀྱིས་སྲིད་གཞུང་གི་མ་དངུལ་གཏོང་བར་ཁྲིད་སྟོན་བྱས་ཏེ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཞིང་ལས་དང་འབྲེལ་བ་ཡོད་པའི་ནོར་སྲིད་མ་དངུལ་སྡེབ་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ། ས་གནས་ཀྱི་བུན་འཛིན་དང་དངུལ་ཁང་གི་ཡིད་རྟོན་དངུལ་བུན། སྤྱི་ཚོགས་ཀྱི་མ་དངུལ་བཅས་བེད་སྤྱོད་ཧུར་ཐག་བྱས་ཏེ་གྲོང་གསེབ་ཀྱི་ཆུ་འདོན་ལས་གཞི་འཛུགས་སྐྲུན་གྱི་མ་དངུལ་དགོས་མཁོ་སྐོང་བར་ཁག་ཐེག་བྱས།

དུས་ཚིགས་དང་པོར་ཆུ་བེད་སྡེ་ཚན་གྱིས་ཞིང་སྡེའི་ཆུ་འདོན་ལས་གཞི་ཉམས་གསོ་དང་བདག་སྐྱོང་བྱ་བ་རྒྱུན་མཐུད་ངང་ཡག་པོར་སྒྲུབ་ཏེ། ད་ལོར་ཆུ་བེད་པུས་ནོར་སྲིད་པུའུ་དང་མཉམ་དུ་ཞིང་སྡེ་ཀྱི་ཆུ་མཁོ་འདོན་ལས་གཞིའི་ཉམས་གསོའི་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར0.69བཀོད་སྒྲིག་བྱས་པ་དེ2021ལོ་ལས9.6%འཕར་ཡོད་པ་རེད། སྔ་དུས་ཀྱི་རྙིང་བར་གྱུར་ཅིང་ཉམས་གསོ་མི་བྱེད་པ་དང་། འཛུགས་སྐྲུན་གྱི་ཚད་གཞི་དམའ་བ། སྦུག་དྲའི་ཟགས་སྐྱོན་ཕོག་ཚད་མཐོ་བ། དགུན་དུས་སྦུག་དྲའི་འཁྱག་སྐྱོན་ཕོག་སླ་བའི་ཞིང་སྡེའི་ཆུ་འདོན་ལས་གཞི་དང་མདོང་དྲ། དེ་མིན་ཐབས་ལམ་སོ་སོ་ནས་བཏོན་པའི་ཞིང་སྡེའི་ཆུ་འདོན་གནད་དོན་ལ་དམིགས་ནས་རིམ་པ་སོ་སོའི་ཆུ་བེད་སྡེ་ཚན་གྱིས་སྔོན་ལ་བཀོད་སྒྲིག་བྱས་ནས་ལག་བསྟར་བྱས་ཏེ། ཞིང་སྡེའི་ཆུ་འདོན་ལས་གཞིའི་ཕུགས་ཕན་བརྟན་པོ་དང་ཕན་འབྲས་ཐོན་པར་འགན་སྲུང་བྱས། བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ3པའི་བར་ས་གནས་སོ་སོས་བསྡོམས་པས་ཞིང་སྡེའི་ཆུ་མཁོ་འདོན་ལས་གཞིའི་ཉམས་གསོའི་དང་བདག་སྐྱོང་མ་དངུལ་སྒོར་དུང་ཕྱུར3.69བཏང་ནས་ཞིང་སྡེའི་མི་འབོར་ཁྲི195ལ་ཞབས་འདེགས་ཞུས་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།