ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་གནང་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། མིག་སྔའི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ལ་དབྱེ་ཞིབ་དང་དམ་འཛིན་ནན་མོ་བྱེད་པའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གང་ལེགས་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་འགོ་འཛིན་གནང་ནས་གསུང་བཤད་གལ་ཆེན་གནང་།

གྲོས་ཚོགས་ནས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། རིམས་ནད་ཕྱི་ནས་ནང་དུ་མཆེད་པ་སྔོན་འགོག་དང་ནང་ནས་ཡང་བསྐྱར་མི་འཕར་བའི་བྱ་བ་དམ་འཛིན་ནན་མོ་བྱས་ལ། གནས་བབ་དང་བསྟུན་ནས་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས་བཅས་རྒྱུན་འཁྱོངས་བྱས་པར་བརྟེན། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ད་ལོའི་ཟླ་གསུམ་པའི་ནང་ནས་བཟུང་། རྒྱལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་དཔུང་པ་མཉམ་གཤིབ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གང་ལེགས་བྱས་པ་བརྒྱུད། གཞི་ནས་ང་ཚོས་ཝུའུ་ཧན་རིམས་འགོག་སྲུང་སྐྱོབ་དམག་འཁྲུག་བྱུང་བའི་རྗེས་ཀྱི། སྔོན་འགོག་ཚོད་འཛིན་གྱི་ཚོད་བགམ་ནན་མོ་ཐེག་ཐུབ་པ་བྱུང་ནས་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས། ང་ཚོའི་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཕྱོགས་ནི་ཏང་གི་ངོ་བོ་དང་དམིགས་ཡུལ་གྱིས་ཐག་བཅད་ཡོད་ཅིང་། ང་ཚོའི་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་ཀྱིས་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་ཡོད་ལ། ང་ཚོའི་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཅི་རིགས་ནི་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པ་བཅས་ཡིན་པ་ལག་ལེན་དངོས་ཀྱི་སྟེང་ནས་ར་གསལ་བོ་སྤྲད་ཡོད། ང་ཚོས་དཀའ་སྤྱད་འབད་འབུངས་བྱས་ནས་ཝུའུ་ཧན་རིམས་འགོག་སྲུང་སྐྱོབ་ཀྱི་དམག་འཁྲུག་ལས་རྣམ་པར་རྒྱལ་ཐུབ་པ་བྱུང་ཡོད་ཅིང་། ཧྲང་ཧའེ་ཡི་རིམས་འགོག་སྲུང་སྐྱོབ་ཀྱི་དམག་འཁྲུག་ཆེན་པོ་ལས་ཀྱང་རྣམ་པར་རྒྱལ་ཐུབ་ངེས་ཡིན།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། མིག་སྔར་གོ་ལ་ཧྲིལ་པོའི་ངོས་ནས་བལྟས་ན་རིམས་ནད་སྔར་བཞིན་ཇེ་མང་དུ་འཕེལ་གྱིན་ཡོད་ཅིང་། ནད་དུག་ལའང་དུས་དང་བསྟུན་ནས་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བཞིན་ཡོད་ལ། རིམས་ནད་ཀྱི་མཐའ་མའི་འཕེལ་ཕྱོགས་ཐད་ད་དུང་གཏན་འཁེལ་མེད་པའི་རང་བཞིན་ཆེན་པོ་ལྡན་པས། ལྷོད་གཡེང་དང་ངལ་གསོ་རྒྱག་པའི་དུས་སྐབས་སུ་གཏན་ནས་སླེབས་མེད། རང་རྒྱལ་ནི་མི་འབོར་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། ལོ་ལོན་རྒན་པའི་མི་འབོར་མང་བ་དང་ས་ཁུལ་གྱི་འཕེལ་རྒྱས་དོ་མི་མཉམ་པ། སྨན་བཅོས་ཐོན་ཁུངས་ཀྱི་སྤྱི་འབོར་མི་འདང་བ་བཅས་ཡིན་པས། གལ་ཏེ་ལྷོད་གཡེང་གི་བསམ་པ་བཟུང་ནས་སྔོན་འགོག་ཚོད་འཛིན་ལས་དོན་འཐུས་ཤོར་དུ་བཏང་བ་ཡིན་ན། གཞི་ཁྱོན་ཆེ་བའི་མི་ཚོགས་ལ་འགོས་ནད་ཕོག་རྒྱུ་ཡིན་ལ། ནད་གཞི་ལྕི་མོ་དང་རིམས་ནད་འགོས་པར་རྐྱེན་བྱས་ཏེ་ཤི་ཚད་སྔར་ལས་ཇེ་མང་དུ་འགྲོ་ངེས་གཏན་ཡིན་པར་མ་ཟད། ་ད་དུང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས། ལུས་ཕུང་བདེ་ཐང་བཅས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་རྒྱུ་ཡིན་པ་ཐག་གིས་ཆོད། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཕྱོགས་དང་སྲིད་ཇུས་ལ་ཆ་ཚང་བ་དང་ཁྱོན་ཡོངས་ཀྱི་སྒོ་ནས་ངོས་འཛིན་གསལ་བོ་བྱེད་དགོས། ངོས་འཛིན་ཡག་པོ་མ་བྱུང་བ་དང་གྲ་སྒྲིག་ཡག་པོ་མ་བྱུང་བ། ལས་ཀ་ཡག་པོ་མ་བྱུང་བ་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་བསལ་ནས། མཐོང་ཆུང་དང་ལྷོད་གཡེང་། རང་ཤེད་ཚ་པོ་སོགས་ཀྱི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་དང་། ཐོག་མཐའ་བར་གསུམ་དུ་རིག་པ་གསལ་བོ་རྒྱུན་འཁྱོངས་བྱེད་པ། གཡོ་འགུལ་སྤུ་ཙམ་མེད་པ་བཅས་ཀྱི་སྒོ་ནས་འགུལ་རྣམ་གསལ་པོ་མེད་པའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ། རང་རྒྱལ་གྱི་རིམས་འགོག་བྱེད་ཕྱོགས་སྲིད་ཇུས་འཁྱོག་བཤད་དང་དེར་དོགས་པ་བྱེད་པ། ཁས་མི་ལེན་པ་བཅས་ཀྱི་གཏམ་སྤྱོད་མཐའ་དག་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། རྒྱུན་འཁྱོངས་ནི་རྒྱལ་ཁ་ཡིན། དེང་སྐབས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གནད་འགག་གི་དུས་སྐབས་དང་ཤུགས་གང་ཡོད་འདོན་དགོས་པའི་དུས་རིམ་དུ་གནས་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ནས། ནད་ཡམས་འགོག་པའི་འཐབ་རྩོད་ཀྱི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་བ། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལྕགས་རི་བརྟན་པོ་སྐྲུན་པ། ལས་སླ་པོར་བྱུང་བ་ཞིག་མིན་པའི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ས་སྲུང་གི་འགན་འཁྲི་ཡོད་པ་དང་ས་སྲུང་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཆ་ཤས་གཅིག་སྡུད་རང་བཞིན་གྱི་རིམས་ནད་ཐག་གཅོད་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་བཏང་ནས། ཞིབ་བཤེར་བྱེད་དགོས་ངེས་ཀྱི་རིགས་ཚང་མར་ཅིས་ཀྱང་ཞིབ་བཤེར་བྱེད་རྒྱུ་དང་། ལོགས་སུ་བཀར་དགོས་ངེས་ཀྱི་རིགས་ཅིས་ཀྱང་ལོགས་སུ་འགེར་བ། བསྡུ་དགོས་ངེས་རིགས་ཅིས་ཀྱང་བསྡུ་ལེན་བྱེད་པ། བཅོས་སྐྱོང་བྱེད་དགོས་ངེས་ཀྱི་རིགས་ཚང་མ་བཅོས་ཐུབ་པ་བཅས་བྱས་ནས། མཉམ་འགུལ་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་དང་འཁོར་སྐྱོད་ལེགས་སྒྲིག ལོགས་བཀར་གནས་སྒྱུར། སྡེ་ཁུལ་དོ་དམ་ཚོད་འཛིན་སོགས་ཀྱི་གཙོ་གནད་ལྷུ་ཚིགས་ལ་མཐུན་སྦྱོར་གང་ལེགས་བྱས་ནས། ནད་པ་དང་ཉེན་ཁའི་མི་ཚོགས་ལ་དུས་ཐོག་ཏུ་ཞིབ་བཤེར་དང་དོ་དམ་ཚོད་འཛིན་ཐུབ་པར་བྱེད་དགོས། སྔོན་འགོག་ཚོད་འཛིན་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ས་ཁོངས་ཀྱི་མཉམ་འགོག་དང་ཞིང་ཆེན་ནང་ཁུལ་གྱི་སྤྱི་འདོམས་ལ་ཤུགས་བསྣན་ནས། སྔོན་འགོག་ཚོད་འཛིན་གྱི་མི་ཤུགས་དང་དངོས་ཟོག་གྲ་སྒྲིག་གང་ལེགས་བྱས་ནས། རིམས་ནད་ལ་ཁ་གཏད་འཇལ་བའི་ཐད་གྲ་སྒྲིག་གང་ལེགས་བྱེད་དགོས། དུས་ཐོག་ཏུ་སྔོན་འགོག་ཚོད་འཛིན་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ནད་དུག་གཞན་འགྱུར་ལ་ཞིབ་འཇུག་དང་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། སྟབས་བདེ་སླ་བཅོས་དང་གཅིག་དཔེ་བརྒྱ་འགེབས་མི་བྱེད་པ། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་དང་འཚོ་བའི་དངོས་ཟོག་དུས་གཅིག་ཏུ་མཁོ་སྤྲོད་ཡག་པོ་བཅས་བྱས་ནས། མང་ཚོགས་ཀྱིས་སྨན་པ་བསྟེན་པའི་དགོས་མཁོར་འགན་ལེན་ཡག་པོ་བྱེད་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ནས། རིམས་ནད་ཕྱི་ནས་མཆེད་པ་སྔོན་འགོག་དང་ནང་ནས་ཡང་བསྐྱར་མི་འཕར་བར་བྱས་ཏེ། མི་དང་དངོས་པོ། ཁོར་ཡུག་བཅས་མཉམ་འགོག་མཉམ་བཅོས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། ལས་རིགས་ཀྱི་འགན་འཁྲི་དང་ལས་ཁུངས་ཀྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་དགོས། མི་དམངས་མང་ཚོགས་ལ་རྒྱབ་རྟེན་དམ་པོར་བཅོལ་ནས་མི་དམངས་དམག་འཁྲུག་ཡག་པོ་རྒྱག་པ་དང་ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་པ། སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་ལན་སྟེར་བ། རྒྱ་ཆེའི་མང་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་དང་རང་ཉིད་འགོག་སྲུང་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་གང་ལེགས་བྱེད་པ། རང་འགུལ་ངང་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དང་འོས་འགན་འཁུར་བ། མི་སྒེར་དང་ཁྱིམ་ཚང་སོགས་རྒྱུན་གཏན་གྱི་འགོག་སྲུང་བྱེད་ཐབས་དོན་འཁྱོལ་བྱེད་པ། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་བཅས་ཀྱི་ཕྱོགས་སོ་སོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་ནས་གཅིག་གྱུར་ཡོང་བར་བྱེད་རྒྱུ་དང་། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་རང་རྟོགས་སྒོས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་བྱས་ཏེ། ལྷོད་གཡེང་གི་བསམ་བློ་དང་དམག་འཐབ་ལ་ཞེན་པ་ལོག་པ། སྟེས་དབང་གི་བསམ་པ། ལྷོད་གཡེང་གི་བསམ་པ་བཅས་ཁྱད་བསད་དང་། ཁྱོན་ཡོངས་ནས་སྐུལ་སློང་དང་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། དུས་ཚོད་ཀྱིས་མིར་མི་སྒུག་པའི་སྙིང་སྟོབས་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་བྱ་སྤྱོད་ལ་བརྟེན་ནས། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་ཞིབ་ཕྲ་བྱེད་དགོས། ཏང་གི་རྩ་འཛུགས་རིམ་པ་ཁག་སོ་སོ་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་མུ་མཐུད་ནས་མདུན་དུ་མཆོང་ཞིང་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་ཏེ། འཐབ་འཛིང་གི་བཙན་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་དགོས། ནད་ཡམས་འགོག་པའི་འཐབ་རྩོད་ཁྲོད་ཐོན་པའི་སྔོན་ཐོན་དཔེ་མཚོན་དང་སྔོན་ཐོན་གྱི་བྱས་རྗེས་དྲིལ་སྒྲོག་གང་ལེགས་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཡིད་ཆེས་བརྟན་པོ་དང་དཀའ་ངལ་མཉམ་སེལ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་རིམས་ནད་འགོག་བཅོས་ཀྱི་ལས་དོན་ལེགས་པོ་སྒྲུབ་པར་སྐུལ་མ་གཏོང་དགོས།

ཚོགས་ཐོག་ནས་ད་དུང་ལས་རིམ་གཞན་དག་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།