ཀྲུང་གོ་བོད་ཀྱི་དྲ་བ།

​དུས་ཚིགས་དང་པོར་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་དུས་མཉམ་ལས25.8%འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས5ཉིན་གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་གསལ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་མུ་མཐུད་དུ་མགྱོགས་མྱུར་ངང་འཕར་ཡོད། ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར14569.9ཟིན་པ་དེ་དུས་མཉམ་ལས25.8%འཕར་བ་དང་། དེའི་ནང་ཞབས་ཞུའི་ཕྱིར་གཏོང་སྒོར་དུང་ཕྱུར7139.8ཟིན་ན་30.8%འཕར་ལ། ནང་འདྲེན་སྒོར་དུང་ཕྱུར7430.1ཟིན་ནས21.3%འཕར་ཡོད། ཞབས་ཞུ་ཕྱིར་གཏོང་གི་འཕར་ཚད་དེ་ནང་འདྲེན་ལས་བརྒྱ་ཆའི་གྲངས9.5ཡིས་ཆེ་བ་དང་། ཞབས་ཞུའི་ཉོ་ཚོང་གི་ལྡོག་ཁྱད56.4%ཆག་ནས་སྒོར་དུང་ཕྱུར290.3བར་ཆག་པར་སྐུལ་ཁྲིད་བྱས་ཡོད། ཟླ3པར་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར5036ཟིན་ནས་དུས་མཉམ་ལས14.1%འཕར་ཡོད།

ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་ཉོ་ཚོང་བརྟན་བརླིང་ངང་འཕར་ཡོད། དུས་ཚིགས་དང་པོར་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར6156.6ཟིན་ནས14.1%འཕར་ཡོད། དེའི་ནང་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར3500.6ཟིན་ནས16.3%འཕར། ཕྱིར་གཏོང་འཕར་ཚད་ཅུང་མགྱོགས་པའི་ཁྱབ་ཁོངས་ནི་གློག་འཕྲིན་རྩིས་འཁོར་དང་ཆ་འཕྲིན་ཞབས་ཞུ་དང་། དེ་མིན་གྱི་ཚོང་ལས་ཞབས་ཞུ་དང་། ཤེས་བྱའི་བདག་དབང་གི་བེད་སྤྱོད་གྲོན་དངུལ་བཅས་ཡིན་ལ། དེ་དག་སོ་སོར22.1%དང་།14.6%། 11.2%འཕར་ཡོད། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར2656ཟིན་ནས11.4%འཕར། ནང་འདྲེན་འཕར་ཚད་ཅུང་མགྱོགས་པའི་ཁྱབ་ཁོངས་ནི་འགན་བཅོལ་ཞབས་ཞུ་ཡིན་པས་འཕར་ཚད134.9%ཟིན་ཡོད།

ཡུལ་སྐོར་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་དེ་ཅུང་སླར་གསོ་བྱུང་ཡོད། དུས་ཚིགས་དང་པོར་རང་རྒྱལ་གྱི་ཡུལ་སྐོར་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར2155.5ཟིན་ནས12.6%འཕར་བ་དེའི་ནང་ཕྱིར་གཏོང་བྱེད་ཚད15.3%ཆག་པ་དང་ནང་འདྲེན་བྱེད་ཚད15.4%འཕར་ཡོད། ཡུལ་སྐོར་ཞབས་ཞུ་ཕུད། དུས་ཚིགས་དང་པོར་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན28.4%འཕར་བའི་ནང་ཕྱིར་གཏོང32.3%འཕར་བ་དང་། ནང་འདྲེན་བྱེད་ཚད23.7%འཕར་ཡོད། དེ2019ལོའི་དུས་མཉམ་དང་བསྡུར་ན་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་55.8%འཕར་བའི་ནང་ཕྱིར་གཏོང70%འཕར་བ་དང་ནང་འདྲེན40.7%འཕར་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།