ཟི་ལིང་གྲོང་ཁྱེར་གྱིས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས5ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྱི་ལས་ཞུགས་ཞབས་ཞུ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2022ལོའི་མཐོ་སློབ་མཐར་ཕྱིན་སློབ་མས་སྔར་ལས་ལེགས་པ་དང་སྔར་ལས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་པར་རོགས་སྐྱོར་བྱ་ཆེད། ཟི་ལིང་གྲོང་ཁྱེར་གྱིས་རིམས་ནད་འགོག་སྡོམ་བྱ་བར་རྐང་བཙུགས་ཏེ། ལས་ཞུགས་བྱ་བ་ལེགས་པར་སྒྲུབ་པ་དང་། གོ་རིམ་ལྡན་པའི་ངང་ནས་སྤྱི་པའི་ལས་ཞུགས་ཞབས་ཞུ་སློབ་རར་བསྐྱོད་པའི་དྲ་ཐོག་གི་བྱ་འགུལ་སྤེལ་བ་རེད།

རིམས་ནད་འགོག་སྡོམ་སྐབས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་ལེགས་པར་སྒྲུབ་ཆེད། དྲ་ཐོག་ནས་ལས་ཞུགས་ལས་སྐྲུན་མཛུབ་སྟོན་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ་བ་བརྒྱུད་དེ། སྲིད་ཇུས་དྲིལ་སྒྲོག་དང་ལས་ཞུགས་མཛུབ་སྟོན་ཐད་གཏོང་བཅས་བསྡོམས་པས་སློབ་ཁྲིད་ཐེངས4བྱས་ཏེ། ལྟ་མཁན་མི་ཐེངས་ཁྲི10748ལ་སླེབས་པ་དང་། ལས་གནས་ཐད་གཏོང་ལེ་ཚན་ཐེངས2སྤེལ་ཏེ་ལྟ་མཁན་མི་ཐེངས་ཁྲི4396ལ་སླེབས་ཡོད།

མཐོ་སློབ་དང་འབྲེལ་མཐུད་བྱེད་པར་འབད་བརྩོན་བྱས་ཏེ། ཆ་རྐྱེན་འཛོམས་པའི་མཐར་ཕྱིན་སློབ་མ་ལོ་འདིའི་ནང་ལས་ཞུགས་ལས་སྐྲུན་རེ་འདུན་ཡོད་པ་མ་ཟད་ལས་འཚོལ་དང་ལས་སྐྲུན་ལ་ཧུར་བརྩོན་བྱེད་པའི་མ་མཐའི་འཚོ་བའི་འགན་སྲུང་ཐོབ་པའི་ཁྱིམ་ཚང་དང་དབུལ་ཕོངས་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་། ཚགས་འཛུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ཁྲོད་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མར་སྟེར་ཐེངས་གཅིག་གི་ལས་འཚོལ་ལས་སྐྲུན་ཁ་གསབ་རྩིས་སྤྲོད་བྱས་ཏེ། མཐར་ཕྱིན་སློབ་མའི་ལས་སྐྲུན་མ་རྩ་གྲོན་ཆུང་བྱེད་རོགས་བྱས། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་ཀྱིས་མཐོ་སློབ་མཐར་ཕྱིན་སློབ་མ2815ལ་སྟེར་ཐེངས་གཅིག་གི་ལས་འཚོལ་ལས་སྐྲུན་ཁ་གསབ་མ་དངུལ་སྒོར་ཁྲི281.5རྩིས་སྤྲོད་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།