ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲིད་སྟོན་འོག་ཏུ་ན་གཞོན་རྣམས་ཀྱིས་ཕུགས་འདུན་སྙེག་པའི་རླབས་ཆེན་གྱི་དུས་རབས་སུ་ལང་ཚོའི་གླུ་དབྱངས་བླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ན་གཞོན་དར་ན་རྒྱལ་ཁབ་དར་ཞིང་ན་གཞོན་དར་ན་རྒྱལ་ཁབ་གཞི་ནས་སྟོབས་ལྡན་དུ་འགྱུར་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་མི་དམངས་ཀྱི་བྱ་གཞག་གཅིག་རྒྱུད་གཅིག་འཛིན་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། ན་གཞོན་འཚར་ལོངས་འབྱུང་བ་དང་འཇོན་ཐང་ཅན་དུ་འགྱུར་བར་བྱམས་བརྩེའི་ངང་ཐུགས་ཁུར་གནང་བར་མ་ཟད། དེང་རབས་ན་གཞོན་གྱི་ལོ་རྒྱུས་ལས་འགན་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཏེ། མེས་རྒྱལ་དང་རྒྱང་རིང་གི་ཕུགས་འདུན་སེམས་སུ་ཉར་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འབུངས་ཧུར་ཐག་བྱེད་ཀྱིན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལོ་རེའི་ལྔ་བཞི་ན་གཞོན་དུས་ཆེན་གྱི་སྔ་རྗེས་སུ་ལས་བྲེལ་ཇི་ཙམ་ཆེ་ནའང་དུས་རྟག་ཏུ་དུས་ཚོད་ཡག་ཤོས་ན་གཞོན་ཚོའི་ཁྲོད་དུ་འགྲོ་བའི་ཐད་བཞག་ཅིང་། ན་གཞོན་མང་པོ་ཞིག་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་བསྡད་མྱོང་བའི་དྲོད་སྐྱིད་ཀྱི་འདས་དོན་དེ་དག་ཡིད་ནས་བརྗེད་དཀའ་བའི་ཚོད་དུ་སླེབས་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་སློབ་གྲོགས་ཚོའི་ཁྲོད་དུ་ཕེབས་ནས་ཚང་མ་དང་ལྷན་དུ་སོ་སོའི་མི་ཚེའི་སྐོར་དང་ཕུགས་བསམ་ཀྱི་སྒོར་ནས་གཏམ་གླེང་བྱེད་ཞོར། ན་གཞོན་་ཚོར་རེ་བ་ཆེན་པོ་བཅོལ་ཡོད།

ཕུགས་བསམ་མེད་ན་གནམ་འོག་གི་བྱ་གཞག་ཅི་ཡང་འགྲུབ་ཐབས་མེད། གཞོན་རབས་པས་ཕུགས་བསམ་དང་དད་མོས་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅིས་དུས་ནམ་ཡང་སེམས་ཁུར་བྱེད་ཡུལ་ཆེན་པོ་ཞིག་ཡིན། ཁོང་གིས་དེའི་སྐོར་ནས་སློབ་གྲྭ་ཆེན་མོ་བའི་བར་མིག་རྒྱང་རིང་པོའི་སྒོ་ནས་ནན་བཤད་ཐེངས་མང་གནང་བ་དང་། སློབ་སྦྱོང་དང་འབད་འཐབ་ཀྱི་ཞིབ་ཕྲའི་དམིགས་འབེན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་དམིགས་འབེན་ཟུང་འབྲེལ་བྱེད་རྒྱུ་དང་། བདག་ཆུང་ངུ་བདག་ཆེན་པོ་དང་མཉམ་འདྲེས་ཡོང་བར་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས་ཞེས་ཐེངས་གང་མང་ལ་བརྩེ་བ་ཟབ་མོ་བཅངས་ནས། རྒྱ་ཆེའི་སློབ་མ་ཚོར་ལང་ཚོའི་ཁ་ཕྱོགས་ནོར་མེད་ཡོང་དགོས་པའི་ཐད་དགོངས་འཆར་ཐེངས་མང་གནང་མྱོང་།

སྤྱི་ཁྱབ་ཧྲུའུ་ཅིས་ན་གཞོན་ཚོར་སྐུལ་ལྕག་གནང་བར་བརྟེན། མིག་དཔེ་ནི་གསོན་ཉམས་ལྡན་པའི་རིན་ཐང་ལྟ་བ་དང་མངོན་པར་གསལ་བའི་དྲང་ཕྱོགས་ཀྱི་ནུས་པ་ཞིག་ཏུ་གྱུར་ཡོད། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དུ་ཁོང་གིས་ན་གཞོན་ཚོར་རྫོང་ཏང་ཨུའི་ཧྲུའུ་ཅི་ཡི་མིག་དཔེ་བཟང་པོ་ཅའོ་ཡུས་ལུའུ་ངོ་སྤྲོད་གནང་བར་མ་ཟད། ཚང་མས་དྭངས་གཙང་གི་སྤྱོད་ཚུལ་དང་ལྷད་མེད་ཀྱི་བརྩེ་སེམས་རྒྱུན་ཆད་མེད་པར་གསོ་སྐྱོང་བྱས་ནས། རང་ཉིད་བླ་ན་མེད་པའི་མི་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས་ཞེས་གསུངས།

སྤྱི་ཁྱབ་ཧྲུའུ་ཅིས་རྒྱ་ཆེའི་ན་གཞོན་ཚོར་འབད་འཐབ་བྱེད་ཕོད་པ་དང་། དཔའ་ངར་ཆེན་པོས་དུས་རབས་ཀྱི་མདུན་གྲལ་དུ་ལངས་ནས་དུས་རབས་ཀྱི་གདོང་ལེན་པ་བྱེད་དགོས་ཞེས་ཐེངས་གང་མང་གསུངས་པར་མ་ཟད། ན་གཞོན་ཚོར་ལང་ཚོར་གཅེས་སྤྲས་དང་རིག་པ་བསྒྲིམས་ནས་སློབ་སྦྱོང་བྱེད་པ། ཤེས་བྱ་སློབ་གཉེར་བཅས་བྱེད་དུ་བཅུག་ནས། ལག་ལེན་དངོས་ཀྱི་ཁྲོད་ནས་ཤེས་བྱ་ཡང་དག་དང་བདེན་པ་ངོ་མ་རྟོགས་པར་བྱས་ཏེ། སྦྱོང་བརྡར་ལ་ཤུགས་སྣོན་དང་འཇོན་ཐང་ཆེ་རུ་བསྐྱེད་དགོས་པའི་ཐད་ནས་ཀྱང་སྐུལ་ལྕག་ཟབ་མོ་གནང་།

ན་གཞོན་གྱི་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་དམ་པོ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་དགོས་པའི་དུས་རབས་གསར་པའི་ན་གཞོན་ལས་དོན་གྱི་རྩ་བའི་ལས་འགན་གསལ་སྟོན་གནང་བ་དང་། ཀྲུང་གོ་གསར་པའི་ལོ་རྒྱུས་སྟེང་གི་དུས་ཡུན་རིང་འབྲིང་གི་ན་གཞོན་ལས་དོན་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་པོར་སེམས་ཁུར་དང་མཛུབ་ཁྲིད་གང་ལེགས་གནང་ནས་དངོས་སུ་བཏོན་པར་མ་ཟད། ན་གཞོན་ལས་དོན་ཐད་བསམ་བློ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་ན་གཞོན་ལས་དོན་འཕེལ་རྒྱས་གཏོང་ཆེད་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་རབ་དང་རིམ་པ་བསྐྲུན།

དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲིད་སྟོན་འོག་ཏུ། དུས་རབས་ཀྱིས་བཅོལ་བའི་ལས་འགན་ལྕི་མོ་བློ་ཁོག་ཆེན་པོས་ཕྲག་ཏུ་འཁུར་ནས། སྙིང་སྟོབས་ཆེར་སྐྱེད་དང་ལག་ལེན་ཏན་ཏིག་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས། །


རྩོམ་སྒྲིག་པ། : བདེ་ལེགས་མཚོ།